དཀར་མཛེས་རྫོང་གི་དབུལ་སྐྱོར་གནས་སྤོ་དུད་ཚང་དགའ་སྤྲོའི་ངང་ནས་ཁང་གསར་དུ་སྤོས།
ཡོང་ཁུངས། ཁམས་པའི་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༡ ཚེས་ ༧

རྒྱུད་བཟང་མདའ་ཡི་བཀོད་སྒྲིག་ས་ཚུགས་སུ་དབུལ་པོའི་དུད་ཚང60དང་མི252ཤོང་ཞིང་། ཟླ་བ10པའི་ཚེས5ཉིན་ལ་མངོན་གསལ་དང་འདྲ་མཉམ། དྲང་གཞག་གི་རྩ་དོན་ལྟར་རྒྱན་འཕངས་ནས་ཁང་པ་བགོས་པ་རེད། ཁང་པ་གསར་པའི་ནང་དུ་དཀར་ཆ་དོད་ལ་རྒྱ་ཆེ་བ་དང་། ཁང་ཀླད་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་པས་གནས་སྤོ་དུད་ཚང་ཚང་མ་སེམས་པ་རབ་ཏུ་དགའ། ཁྱིམ་ཆས་དང་དེང་རབས་གློག་ཆས་འཛོམས་ཡོད་པས་མ་ཚད་སྒོ་ར་གཙང་ཞིང་གྲ་འགྲིག་པ་དང་། འགྲོ་ལམ་ཡངས་ཤིང་རྒྱ་ཆེ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་བཞག་པ་ནས་བཟུང་། དཀར་མཛེས་རྫོང་གིས་ཚན་པ་གཅིག་ཅན་ལྔའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལྟར་དབུལ་སྐྱོར་གནས་སྤོས་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཡོད། མིག་སྔའི་བར་དབུལ་སྐྱོར་གནས་སྤོས་མི་གྲངས3793ལ་སླེབས་པ་དང་། དུས་རིམ་རྗེས་མར་ཚྭ་ལུང་གྲོང་རྡལ་གྱི་གཅིག་སྡུད་བཀོད་སྒྲིག་ས་ཚུགས་སུ་དུད་ཚང38དང་མི་གྲངས130གནས་སྤོ་བྱ་རྒྱུ་ཡིན་པ་རེད།།