དཔལ་ཡུལ་རྫོང་གིས་མང་ཚོགས་སྐོར་བྲོ་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
ཡོང་ཁུངས།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༠ ཚེས་ ༡༡

དཔལ་ཡུལ་རྫོང་གིས་ང་ཆེན་སྐོར་བྲོའི་གསར་རྩོམ་ཁྱབ་བདལ་ཚོ་ཆུང་ཞེས་པ་བཙུགས་ནས། རྫོང་ཡོངས་ཀྱི་ཡུག་སྦྲེལ་ས་ཁུལ་བཞི་དང་། ཡུལ་ཤོག་དང་གྲོང་རྡལ་17གྱི་དམངས་ཁྲོད་ཀྱི་སྲོལ་རྒྱུན་བྲོ་གཞས་དུས་ཡུན་ཟླ་བ་3གྱི་རིང་ལ་སྔོག་འདོན་དང་བསྡུ་སྒྲིག་བྱས་ཤིང་དེ་ལ་སྟངས་སྟབས་དང་དབྱངས་རྟ་སྦྱར་ནས་དུས་རབས་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་ཐུབ་པར་བྱས་ཡོད།
ཐེངས་འདིའི་འགྲན་བསྡུར་འདིས་སྐོར་བྲོའི་རིག་གནས་ཁྱབ་གདལ་དུ་གཏང་རྒྱུ་དང་དམངས་ཡོངས་ཀྱི་ལུས་སྦྱོང་དང་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་རྒྱུ་སོགས་དམིགས་ཡུལ་དུ་བཟུང་ནས། འགྲན་ཞུགས་རུ་ཁག་སོ་སོས་དུས་ཡུན་ཟླ་བ་1གི་རིང་ལ་སྦྱོང་བརྡར་བྱས་ཏེ་འགྲན་བསྡུར་དུ་ཞུགས་ཡོད་པ་རེད། འགྲན་བསྡུར་གྱི་ཡུལ་དངོས་ནས་རྒྱ་ཆེའི་ལྟད་མོ་བའི་དགའ་བསུ་ཚད་མེད་ཐོབ་ཡོད་པར་མ་ཟད་བོད་ཀྱི་དམངས་ཁྲོད་ཀྱི་སྐོར་བྲོ་འདི་རིགས་དུས་རབས་དང་མཐུན་པའི་ལམ་ཆེན་དུ་བསྐྱོད་ཐུབ་པས་དཔལ་ཡུལ་རྫོང་གི་བྲོ་གཞས་སྒྱུ་རྩལ་ལ་སྔ་ན་མེད་པའི་འཕེལ་རྒྱས་ཀྱི་འགོ་བརྩམས་སོང་ཞེས་ཀུན་གྱིས་མཐོང་ཆེན་དང་ཡིད་ཆེས་ཐོབ།
ཐེངས་འདིའི་འགྲན་བསྡུར་དུ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་སྡེ་དགེ་རྫོང་། དཔལ་ཡུལ་རྫོང་བཅས་ཀྱི་བྲོ་གཞས་སྐོར་གྱི་ཆེད་མཁས་མི་སྣ་སྐོར་ཞིག་དཔྱད་འདེམས་པར་གདན་འདྲེན་ཞུས་ནས་འདྲ་མཉམ་དང་དྲང་བདེན་གྱི་རྩ་དོན་གཞིར་བཟུང་ནས་དཔྱད་འདེམས་བྱས་ཏེ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་རིམ་པ་བཞིན་དུ་བྱ་དགའི་གཟེངས་བསྟོད་ཐོབ་ཡོད་པ་རེད།།