བཙན་ལྷ་རྫོང་དུ་ཤ་མོའི་ཐོན་ཚད་ཏུན་200ཡན་ལ་སླེབས་པ།
ཡོང་ཁུངས།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༩ ཚེས་ ༢༠

བཙན་ལྷ་རྫོང་དབལ་ཞིང་གྲོང་བརྡལ་གྱི་དར་རྒྱས་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་ནི་བཙན་ལྷ་རྫོང་གི་གཞི་རྒྱ་ཆེས་ཆེ་བའི་ཤ་མོ་ཉོ་སྒྲུབ་བྱེད་ས་ཞིག་ཡིན་པ་དང་། རྫོང་ཡོངས་ཀྱི་གྲོང་མི་མང་ཆེ་ཤོས་ཀྱིས་རང་རང་གི་འཐུས་པའི་ཤ་མོ་གསར་བ་གཅིག་གྱུར་གྱི་རིན་གོང་ལྟར་ཀུང་སི་འདི་གར་ཕྱིར་འཚོང་བྱེད་བཞིན་འདུག
བཙན་ལྷ་རྫོང་དར་རྒྱས་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གི་འགན་ཁུར་བ་ཡིས་བཤད་རྒྱུར། ང་ཚོས་ཐོག་དང་པོར་ཤ་མོ་ཉོ་བའི་སྐབས་སུ། རྒྱ་མ་གང་ལ་རིན་གོང་སྒོར་500རེད། རྗེས་སུ་རིམ་གྱིས་ཐོན་ཚད་འཕར་སྣོན་བྱུང་བས། བར་སྐབས་ཤིག་ལ་སྒོར་170རེད། མིག་སྔར་གྱི་རིན་གོང་ནི་160ཡིན། ང་ཚོ་སྤྱི་གཉེར་ཁང་གིས་ད་ལོར་ཏུན་60ཉོ་སྒྲུབ་བྱས་པ་ཡིན་ལ། དེ་ལས་ཏུན་40ཕྱིར་འཚོང་བྱས་པ་དང། ཤུལ་གྱི་ཏུན་20དེ་ལས་སྣོན་ཐོན་རྫས་སུ་བསྒྱུར་ཡོད་ཟེར།
བཙན་ལྷ་རྫོང་དར་རྒྱས་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གི་འགན་ཁུར་བ་ཡིས་བཤད་རྒྱུར། ང་ཚོའི་ཐོན་རྫས་གཙོ་བོར་ཁྲིན་ཏུའུ་དང་ཀོང་ཀྲིག ཧྲང་ཧེ། པེ་ཅིན་བཅས་ལ་ཕྱིར་འཚོང་བྱེད་བཞིན་ཡོད། མིག་སྔར། བཙན་ལྷའི་ཤ་མོས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་མི་འདུག་ཟེར།
ཤ་མོ་གཅིག་གྱུར་སྒོས་ཞིང་ལས་ཐོན་རྫས་སྤྱི་གཉེར་ཁང་ལ་ཕྱིར་འཚོང་བྱེད་པའི་ཕན་ཆད་དུ། མང་ཚོགས་ཉུང་ཤས་ཤིག་གིས་རང་གིས་ཉོ་འཚོང་བྱེད་བཞིན་འདུག རྒྱུས་ལོན་པ་ལྟར་ན། ད་ལོའི་ཤ་མོའི་ཐོན་ཚད་ནི་ཏུན་200ཡན་ལ་བུད་ཡོད་ན་ཡང་། ད་དུང་ཤ་མོའི་ཁྲོམ་རར་དགོས་མཁོ་སྐོང་མི་ནུས་པའི་རྣམ་པ་བྱུང་འདུག