གསེར་མདོག་གི་སྟོན་དུས་སུ་ལོ་ལེགས་ཀྱི་དགའ་སྤྲོ་གླེང་།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༩ ཚེས་ ༡༨

སྟོན་གྱི་བུ་མོ་དལ་བུར་བགྲོད་བཞིན་ཡོད་ལ། གནའ་གྲོང་ལྷ་སར་ཡང་སྟོན་དུས་ཀྱི་རྣམ་པས་རིམ་པར་ཁེངས་བཞིན་ཡོད་པ་རེད།

སྟོན་ཁ་ནི་གསེར་མདོག་ཡིན་ལ། དེ་བས་ཀྱང་ལོ་ལེགས་བྱུང་བའི་དུས་ཚིགས་ཤིག་ཡིན། ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྟོན་དུས་ཀྱི་གནམ་གཤིས་བཟང་པོ་དང་མཉམ་དུ། ལོ་ལེགས་ཀྱི་དགའ་སྤྲོས་ཡོངས་སུ་ཁེངས་ཡོད་པ་རེད།

ཆུ་ཤུར་རྫོང་དུ་བསྐྱོད་རྗེས། གཞུང་ལམ་ཕྱོགས་གཉིས་ཀྱི་ཞིང་ཁ་རུ། ས་གནས་དེ་གའི་མང་ཚོགས་ཀྱིས་རང་མོས་ངང་རུ་དཔུང་བསྒྲིགས་ནས་ཆོས་དཔེ་འཁུར་བ་དང་། བསང་གཏོང་བ། ཞལ་འདོན་བྱེད་པ། ཞིང་ཁར་བསྐོར་བ་སོགས་ནས་འོང་སྐོར་གྱི་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།

ཞིང་ཁར་ངལ་རྩོལ་བྱེད་པའི་གནམ་མ་གྲོང་ཚོའི་ཨ་ཁུ་སྐལ་བཟང་ལགས་ཀྱིས"ད་ལོ། ཆར་ཆུ་འབེལ་བའི་དབང་གིས་ལོ་ཏོག་ཡག་པོ་འདུག་པས། ལོ་ལེགས་ཡོང་ངེས་རེད་འདུག"ཅེས་ཟེར།