བོད་ཀྱི་ཐང་ག་ཁག་60ཙམ་ཧྲན་ཏུང་ཅི་ནན་དུ་འགྲེམས་སྟོན་བྱས་ཏེ་ཧྲན་ཏུང་དང་བོད་ཀྱི་རིག་གནས་སྤེལ་རེས་བྱས་པ།

ཐང་ག་འབྲི་ལུགས་ལ་རྒྱ་རིགས་དང་། བོད་རིགས། རྒྱ་གར། བལ་ཡུལ་སོགས་ས་ཁུལ་མང་པོའི་སྒྱུ་རྩལ་འདྲེས་ཤིང་། ཁྱད་ཆོས་དང་མཛེས་དཔྱད་ཀྱི་རིན་ཐང་ཤིན་ཏུ་ཆེ་བ་དང་། ལོ་ངོ་སྟོང་ཕྲག་འགའི་རིང་ལ་བོད་ཀྱི་རི་མོ་འབྲི་བའི་སྒྱུ་རྩལ་རྩེར་སོན་ཤུལ་འཛིན་བྱས་པས། ད་ལྟ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཏུ་ཚུད་ཡོད།

ཉིན་དེར་འགྲེམས་སྟོན་བྱས་པའི་ཐང་ག་60ལྷག་ཙམ་ཡོད་པ་ཚང་མ་ཉེ་ལོའི་རིང་གི་རི་མོའི་ལས་རིགས་ཁྲོད་ཀྱི་པིར་རྩལ་པ་ཕུལ་དུ་བྱུང་བའི་བརྩམས་ཆོས་ཡིན་ཞིང་། བོད་ཀྱི་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་ཤུལ་འཛིན་བྱས་པ་ཡིན་པས། མི་མང་པོའི་ཡིད་དབང་བཀུག་ནས་ཆེད་མངགས་གཟིགས་པར་ཕེབས་ཡོད་པ་རེད། ཅི་ནན་གྱི་གྲོང་མི་ལི་གོ་ཧྲེང་གིས་གཟིགས་སྐོར་གནང་བའི་རྗེས་གསར་འགོད་པར། ཐང་ག་རེ་རེ་བཞིན་གྱི་ཚོན་དང་། དབྱེ་རིམ། འབུར་གཟུགས་གི་ཚོར་བ། མི་སྣའི་ཉམས་འགྱུར་ལ་སོགས་པ་ཚང་མ་ཧ་ལས་རུང་བ་རེད་ཅེས་ཟེར།
གཞིས་རྩེའི་ཐང་གའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ། གཞིས་རྩེ་དངོས་མང་གཤོམ་སྟོན་ཁང་གི་འགོ་འཛིན་པ་སངས་ཚེ་རིང་ལགས་ཀྱིས། བོད་ཀྱི་སྲོལ་རྒྱུན་ཐང་གར་བལ་བྲིས་དང་། བྱིའུ་སྒང་པ། ཀརྨ་སྒར་བྲིས། སྨན་ཐང་པ། མཁྱེན་ལུགས་སོགས་ཁག་5ཡོད་པའི་ཁྲོད་ནས། ཕྱི་མ་3པོའི་འབྲི་ཉམས་ལ་ཀྲུང་ཧྭ་དབུས་རྒྱུད་ཤུགས་རྐྱེན་ཆེ་ཙམ་ཐེབས་པ་དེ་ནི་རྒྱ་བོད་རིག་གནས་སྤེལ་རེས་བྱས་ནས་འདྲེས་མར་གྱུར་པའི་མཚོན་རྟགས་ཡིན་པ་ངོ་སྤྲོད་གནང་བྱུང་།

པ་སངས་ཚེ་རིང་ལགས་ཀྱིས། གཞིས་རྩེའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་ནི་བོད་དང་ཧྲན་ཏུང་ས་ཁུལ་གཉིས་པོ་རིག་གནས་སྒྱུ་རྩལ་སྤེལ་རེས་ཇེ་ཟབ་ཏུ་བཏང་ནས་རྩེར་སོན་གྱི་མཚོན་བྱེད་གྲས་སུ་འགྱུར་བར་བྱེད་པ་ཡིན་པས། མ་འོངས་པར། གཞིས་རྩེའི་ཐང་ག་འབྲི་རྩལ་གཏོད་ལུགས་ཧྲན་ཏུང་སོགས་པའི་ཤར་ཕྱོགས་ཞིང་ཆེན་ཁག་གི་རི་མོ་འབྲི་བའི་དགེ་མཚན་ལ་དཔེ་བལྟས་ཏེ། དཀྱེལ་ཆེའི་ངང་ཚུལ་ཆེ་རུ་གཏོང་བ་དང་། ཐང་གའི“ཚོང་ར”གཏོང་དགོས་ཚུལ་གསུངས་བྱུང་།
