ད་ལོར། འཛམ་ཐང་དུ་དོན་འདི་ནི་ཧ་ཅང་གལ་ཆེ་བ་ཞིག་རེད།

བྲེལ་འཚུབ་ཀྱི་རྣམ་པ་གང་སར་མཐོང་ཐུབ། ཁེར་འགྲོ་མི་བྱ་བར་མཉམ་འགྲོ་བྱེད། སྒུག་བརྟེན་སློང་ཇེ་ཉུང་དུ་ཕྱིན་པ་དང་། ཕྱུག་པོར་འགྱུར་དགོས་པའི་བསམ་བློ་ཇེ་ཟབ་ཏུ་གྱུར། འཛམ་ཐང་རྫོང་གི་དབུལ་ཕོངས་གྲོང་ཚོ་དང་། དབུལ་ཕོངས་མང་ཚོགས་ཀྱི་དགའ་འོས་པའི་འགྱུར་ལྡོག་ཁྲོད་རེ་བ་གསར་པ་མངོན་བྱུང་།

ཁང་པ་སྤུས་དག་ལ་ལྟ་ན་སྡུག་པ་དང་སྒོ་རའི་ནང་གཙང་དག་ཡིན། མགྲོན་ཁང་ནང་དུ་ཁྱིམ་ཆས་ཆ་ཚང་བ་དང་། ཐབ་ཚང་རྒྱ་ཆེ་ལ་དཀར་ཆ་དོད།
ད་ལོར། འཛམ་ཐང་རྫོང་གིས་སྒོར་ཁྲི་1998ཀྱི་མ་རྩ་བཏང་ནས། ཁྱིམ་ཚང་241གི་མི་958ལ་གནས་སྤོར་ལག་བསྟར་བྱས། གནས་སྤོར་མཉམ་འབྲེལ་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་བཙུགས་ནས། རྫོང་ཡོངས་ཀྱི་གནས་གཞན་དུ་སྤོར་བའི་འཛུགས་སྐྲུན་རྣམ་གྲངས་གཟའ་འཁོར་རེར་མྱུར་ཚད་ཡར་ཞུ་དང་། ཟླ་བ་རེར་ལྟ་སྐུལ་ཞིབ་བཤེར་ལག་བསྟར་བྱས། མིག་སྔའི་བར་དུ། རྫོང་ཡོངས་ཀྱི་གནས་སྤོས་ཁྱིམ་ཚང་95%འཛུགས་སྐྲུན་གྱི་གྲུབ་ཆ་གཙོ་བོ་ལེགས་གྲུབ་བྱུང་ཡོད།

གཞན་ཡུལ་གནས་སྤོས་དང་བཅའ་སྡོད་ཁོར་ཡུག་ལེགས་བཅོས་ཀྱིས་དབུལ་ཚང་ཁང་པ་ཡག་པོ་ལ་སྡོད་ཐུབ་བྱུང་བ་མ་ཟད། ལྷག་པར་དུ་ཁོ་ཚོར་གཙང་ཞིང་སྐྱིད་སྣང་དོད་པའི་ཁང་ཁྱིམ་ཡོད་དུ་བཅུག གོམས་སྲོལ་ཡག་པོ་ལོབས་པ་དང་། གཟུགས་གཞི་བདེ་ཐང་ཡོད་སོང་། རོང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་ཚོར་གྲངས་ཇེ་མཐོར་སོང་།

ཐོན་ལས་འཕེལ་རྒྱས་ཀྱིས་མང་ཚོགས་ཀྱི་ཡོང་སྒོ་ཇེ་བཟང་དུ་བཏང་།
ད་ལོར། འཛམ་ཐང་རྫོང་གིས་ན་ནིང་གི་དུད་སྦྲེལ་འབྲོག་ར་དང་སྔོ་ཚོད་རྟེན་གཞི། ཁྱད་ལྡན་ལྗོངས་སྐོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་རྒྱུན་མཐུད་ཀྱི་རྨང་གཞིའི་ཐོག འཛམ་ཐང་རྫོང་གི་དབུལ་སྐྱོར་ཐོན་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་དང་། གྲོང་ཚོའི་ཐོན་ལས་རོགས་སྐྱོར་ཐེབས་རྩ་བསྡུ་ལེན་དང་། ཕྱི་ཕྱོགས་སུ་མཁོ་འདོན་གཅིག་བསྡུས་དང་། མ་དངུལ་འཇོག་པའི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་དང་། དབུལ་ཚང་གི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་མངོན་འགྱུར་བྱེད་ཅི་ཐུབ་བྱས། མིག་སྔའི་བར་དུ། རྫོང་ཡོངས་ཀྱིས་ས་མཐོའི་ཞོག་ཁོག་མུའུ་1000 འདེབས་འཛུགས་དང་། སྤུས་བཟང་ནས་མུའུ་1000 འདེབས་འཛུགས་དང་། པད་ཁ་མུའུ་2246དང་། ས་མཐོའི་སྔོ་ཚལ་མུའུ་3053དང་། ཚལ་ཞིང་ཆུང་ཆུང་མུའུ་334.55དང་། ཤ་མོ་འདེབས་འཛུགས་ཐོན་སྐྱེད་ཁུག་མ་ཁྲི་65དང་། དྲོད་སྤྱིལ་295ལེགས་འགྲུབ་བྱེད་རྩིས་ཡོད་ལ། ད་ལྟ་35ལེགས་གྲུབ་བྱུང་ཟིན་པ་དང་། ལེགས་གྲུབ་བྱེད་ཚད་12% ཟིན་ཡོད། ཀྲེ་ཅང་གིས་རོགས་སྐྱོར་འབྲོག་རའི་ལམ་སྤྱི་ལེ་123དང་། མེན་དབྱང་གི་འབྲོག་རའི་ལམ་སྤྱི་ལེ་60 རོགས་སྐྲུན་དང་། རྣམ་གྲངས་ཡུལ་ཚོ་(གྲོང་རྡལ།)ལ་གཤམ་སྤྲོད་བྱས་ཤིང་། དོན་འཁྱོལ་བྱེད་བཞིན་པའི་སྒང་རེད།

རྣམ་གྲངས་རེ་རེ་བཞིན་བདེ་བླག་ངང་ལག་བསྟར་དང་། མ་དངུལ་རེ་རེ་མཚམས་མི་ཆད་པར་བཏང་། འཛམ་ཐང་རྫོང་གི་རོང་འབྲོག་མང་ཚོགས་ཀྱི་འདེབས་འཛུགས་གསོ་སྤེལ་ལས་རིགས་ལ་བཅངས་པའི་ཡིད་ཆེས་ཇེ་དྲག་ཏུ་བཏང་། ས་ཞིང་ནང་དུ་ལས་ཤུགས་བསྣན་ཏེ། རྩྭ་ར་རུ་ལས་ཤུགས་ཕུད། སྒོ་རྩ་ནས་ཕྱུག་འགྱུར་བྱས། ཐོན་ལས་འཕེལ་རྒྱས་ཀྱིས་མང་ཚོགས་ཀྱི་དངུལ་ཁུག་ཁ་གང་དུ་བཅུག

བསམ་པའི་འབྱོར་ཕྱུག་གིས་དབུལ་བྲལ་གྱི་སྒུལ་ཤུགས་གསར་པ་སྐུལ།
པར་རིས་གདན་ཤིང་གི་ངོས་སུ་སྨྱུག་ཁ་བསྒྱུར་ནས། ལྟ་ན་སྡུག་པའི་རི་མོ་བྲིས་པ་དང་ཚོན་མདོག་བྱུགས་སོང་། མངོན་མིན་རིག་གནས་ཤུལ་བཞག་ཐོན་ལས་ཇེ་ཆེ་ཇེ་སྟོབས་ཇེ་རྒྱས་སུ་གཏང་ཆེད། ཉེ་བའི་ལོ་ཤས་རིང་། རྫོང་དེ་གའི་རིག་གནས་རྫོང་དར་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་དང་། རིག་གནས་དབུལ་སྐྱོར་བྱེད་སྟངས་གསར་གཏོད་བྱས། མིག་སྔར། འཛམ་ཐང་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་ཁང་13བཙུགས་པ་དང་། ཐང་ག་དང་ཟློས་གར། རྡོ་བརྐོས་སོགས་ཁྱབ་ཁོངས་མི་འདྲ་བའི་ལག་རྩལ་འདུས་ཡོད། རོང་འབྲོག་མང་ཚོགས་ཀྱིས་ཡུལ་ཚོ་དང་སྡེ་བ། ས་དང་འབྲོག་ལས་སོགས་ལ་མི་འབྲལ་བར་དབུལ་བྲལ་གྱི་རྣམ་པ་གསར་པ་འཚོལ་རྙེད་བྱུང་། མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་ཁང་གི་སློབ་མ་ཚོས་ཕུལ་བྱུང་དམངས་ཁྲོད་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཐུབ་པར་མ་ཟད། ད་དུང་ཡོང་འབབ་འཕར་བའི་ཐབས་ལམ་ཇེ་མང་དུ་གཏོང་ཐུབ་ལ། དབུལ་སེལ་ཕྱུག་འགྱུར་གྱི་དམིགས་འབེན་མངོན་འགྱུར་བྱེད་ཐུབ།


གསར་གཏོད་བྱེད་སྟངས་ཀྱིས་དབུལ་བྲལ་གནད་སྒྲོལ་ལ་རོགས་སྐྱོར་བྱས།
དབུལ་བྲལ་གནད་སྒྲོལ་གྱི་སྐུལ་འདེད་ཚོགས་འདུ་ཚོགས་འདུ་ཁང་ནས་དབུལ་ཕོངས་སྡེ་བ་རུ་གནས་སྤོས་ནས་ཚོགས་པ་ནི་འཛམ་ཐང་རྫོང་གི་དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་བྱེད་སྟངས་ཀྱི་འཚོལ་ཞིབ་རེད།

ད་ལོ་ནས་བཟུང་། འཛམ་ཐང་རྫོང་གིས་ཟླ་རེར་དབུལ་བྲལ་གནད་སྒྲོལ་ལས་དོན་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཟླ་རེའི་སྐུལ་འདེད་ཚོགས་འདུ་དང་། སྙན་ཞུའི་ཚོགས་འདུ། ལྟ་སྦྱོང་ཚོགས་འདུ་སོགས་ཀྱི་རྣམ་པ་བརྒྱུད་ནས། འཕྲལ་མར་རྫོང་ཡོངས་སུ་ཁྱབ་སྤེལ་བཏང་། ཟླ་རེར་ཡུལ་དངོས་སྐུལ་འདེད་ཚོགས་འདུ་འཚོགས་པ་དང་། སྐུལ་འདེད་ཚོགས་འདུ་དབུལ་ཕོངས་གྲོང་ཚོ་རུ་ཚོགས་པ་དང་། དབུལ་བྲལ་ལས་དོན་དུ་ཞུགས་པའི་ལས་བྱེད་པ་རྣམས་ལ་ཀླད་པ་འགུལ་དུ་བཅུག་ནས་བྱེད་ཐབས་ལེགས་པོ་དང་། ཐབས་ཤེས་ལེགས་པོ་དང་། ཇུས་འགོད་ལེགས་པོ་བཏོན་དུ་འཇུག་ཆེད་ཡིན། དབུལ་བྲལ་གནད་སྒྲོལ་ལས་དོན་ལམ་ལོག་ཏུ་མི་འགྲོ་བ་འགན་ལེན་བྱེད་དགོས། ཞེས་འཛམ་ཐང་རྫོང་དབུལ་སྐྱོར་གནས་སྤོས་ཡུལ་མི་ཅུས་ཀྱི་ཅུས་ཀྲང་ཆན་ལིའུ་ཡིས་དེ་ལྟར་བཤད་དོ།།
