བོད་རྒྱ་སྐད་གཉིས་ཀྱི་གློག་བརྙན་《དམག་འཛུགས་མཛད་མཆོག》ལྷ་ས་གྲོང་ཁྱེར་དུ་གཟིགས་འབུལ་ཞུས་པ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༨ ཚེས་ ༡

མཚམས་སྦྱོར་བྱས་པར་གཞིགས་ན། གློག་བརྙན་དེ་ནི་བོད་ལྗོངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་སྒྲ་སྦྱོར་གློག་བརྙན་ཐོག་མ་ཡིན་པ་རེད། 《དམག་འཛུགས་མཛད་མཆོག》ཏུ་རྒྱལ་ནང་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་མང་པོ་ཞིག་ཡོད་ལ། རྣམ་པ་རྒྱ་ཆེ་ལ་རྔམ་བརྗིད་ལྡན་པས། རྒྱལ་གཅེས་རིང་ལུགས་ཀྱི་བརྩམས་ཆོས་ཆེན་པོ་ཞིག་ཏུ་བརྩིས་ཆོག་པ་རེད། བོད་སྐད་སྒྲ་སྦྱོར་ནི་བོད་ལྗོངས་གློག་བརྙན་ཀུང་སིའི་ཕུལ་བྱུང་སྒྲིག་སྦྱོར་འཁྲབ་ཁྲིད་པར་འཁྲབ་ཁྲིད་བྱེད་ཏུ་བཅུག་ཡོད་ལ། སྒྲ་སྦྱོར་དང་སྒྲ་ཕབ་པ། མཉམ་བསྲེས་སྒྲ་ཕབ་སོགས་ཀྱི་ལས་ཀ་ནི་བོད་ལྗོངས་ཀྱི་སྒྱུ་རྩལ་དང་ལག་རྩལ་གསར་གཏོད་ཕུལ་བྱུང་ན་གཞོན་དར་མ་ཚོས་སྒྲིག་བཟོ་བྱས་པ་རེད།

《དམག་འཛུགས་མཛད་མཆོག》གི་བོད་སྐད་སྒྲ་སྦྱོར་གློག་བརྙན་དུ་རྒྱ་སྐད་གློག་བརྙན་གཏམ་རྒྱུད་ཀྱི་སྙིང་བུ་དེ་བླངས་ཡོད་པ་མ་ཟད། ཕུལ་དུ་བྱུང་བའི་སྒྲ་སྦྱོར་དང་ལོ་ཙཱར་བརྟེན་ནས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་འཛུགས་ལོ་ཟླའི་དཔལ་འབར་དང་སྔ་རབས་ཀྱི་གསར་བརྗེའི་སྔོན་བྱོན་པའི་བརྩེ་མདངས་དེ་ཡང་བསྐྱར་དུ་མངོན་པར་བྱས་ཡོད་པ་རེད།
གཟིགས་མོ་བ་བསྟན་འཛིན་མཁས་གྲུབ་ཀྱིས"བོད་པ་ཞིག་ཡིན་པའི་ཆ་ནས། གློག་བརྙན་ཁང་དུ་བོད་སྐད་གློག་བརྙན་ལྟ་ཐུབ་པ་ནི་ཧ་ཅང་དགའ་སྤྲོ་སྐྱེས་པ་ཞིག་རེད། སྒྲ་སྦྱོར་འཁྲབ་སྟོན་པ་ཚོ་ནི་མི་སྣའི་གཤིས་ཀ་དང་སེམས་ཀྱི་འགྱུར་བ་གང་ཞིག་ཡིན་རུང་། ཚོད་འཛིན་ཧ་ཅང་ལེགས་པོ་བྱས་འདུག སླད་ཕྱིན་མུ་མཐུད་བོད་སྐད་གློག་བརྙན་འདི་འདྲ་བ་མང་པོ་ཞིག་བལྟ་སྐལ་ཡོང་བ་དང་། ལྟད་མོ་བ་ཚོར་གདམ་ག་སྔར་ལས་མང་པོ་ཞིག་བྱ་རྒྱུ་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད"ཅེས་ཟེར།