བོད་ལྗོངས་ཀྱི་ཡུལ་སྐོར་གཏན་བཟོའི་གློག་བརྙན་ཐུང་གྲས《ཇོ་མོ་གླང་མའི་རེ་འབོད》ཅེས་པ་ཕབ་ལེན་བྱེད་འགོ་བརྩམས།

རྒྱལ་ཕྱི་ནང་ཀུན་གྱི་བྱ་དགའ་མང་པོ་ཐོབ་པའི་གློག་བརྙན་འདིའི་འཁྲབ་ཁྲིད་པ་ཀྲའོ་ཡེས་ཡུལ་སྐོར་ཐུང་གྲས་དེའི་སྐོར་གླེང་སྐབས“དེ་ནི་རི་བོ་ཇོ་མོ་གླང་མའི་རི་འཛེགས་མཁན་དང་དེ་བཞིན་ཁོ་ཚོའི་ཕྱི་རབས་པ་རྣམས་བརྗོད་པའི་གཏམ་རྒྱུད་ཅིག་ཡིན”ཞེས་དང་། ཁོས་སྤྱིར་བཏང་མིའི་ལུས་སྟེང་དུ་བྱུང་བའི་གཏམ་རྒྱུད་རེ་རེ་ནི་གཞིས་རྩེ་འདིའི་གནའ་བོའི་ཉམས་འགྱུར་མངོན་ཞིང་དེང་རབས་གྲོང་ཁྱེར་གྱི་ཡུལ་སྐོར་བྱེད་པའི་ཡིད་དབང་འཕྲོག་ཤུགས་འཚོལ་ཞིབ་བྱེད་པ་ཡིན་ཞེས་མཚམས་སྦྱོར་བྱས།
ཐེངས་འདིའི་གློག་བརྙན་ནི་ཆེད་དུ་གཞིས་རྩེ་དེ་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གཏན་བཟོ་བྱ་བར་བཟོས་ཤིང་། བོད་ལྗོངས་གཞིས་རྩེ་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཕུར་བུ་བཀྲ་ཤིས་ཀྱིས“འདས་ཟིན་པར་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་བྱེད་སྟངས་རྣམ་པ་སྣ་ཚོགས་བེད་སྤྱོད་བྱས་པ་དང་། ད་ལྟར་གློག་བརྙན་ཐུང་གྲས་བརྒྱུད་དེ་གཏམ་རྒྱུད་བཤད་པའི་རྣམ་པ་ནི་ཐེངས་དང་པོ་ཡིན། ”ཞེས་གསུངས། གློག་བརྙན་ཐུང་གྲས་ཁྱབ་སྤེལ་གཏོང་བའི་རྣམ་པས་ཡུལ་སྐོར་བ་དང་མཛེས་ལྗོངས་ཁུལ་གྱི་བར་ཐག་ཉེ་རུ་བཏང་སྟེ་རྒྱལ་ཕྱི་ནང་ཀུན་གྱི་ཡུལ་སྐོར་པ་མང་པོར་གཞིས་རྩེ་ཡུལ་སྐོར་གྱི་ཉིང་བཅུད་རོལ་མྱོང་བྱེད་དུ་འཇུག་དགོས།

གཞིས་རྩེ་ནི་གནའ་ནས་ད་ལྟའི་བར་གྱི་བོད་ཀྱི་གྲོང་རྡལ་གལ་ཆེན་ཞིག་ཡིན་ཏེ། གཞིས་ཀ་རྩེ་ནི་ས་ཞིང་གཤིན་པོའི་གཞིས་ཀ་ཞེས་པའི་དོན་ཡིན། གྲོང་ཁྱེར་ནང་གི་བཀྲ་ཤིས་ལྷུན་པོ་དགོན་ནི་རྒྱལ་ཁབ་ཀྱི་Aབཞི་རིམ་པའི་མཛེས་ལྗོངས་ཁུལ་དང་། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཡིན་ཞིང་། དེ་ནི་བོད་ཀྱི་དགེ་ལུགས་པའི་དགོན་ཆེན་བཞིའི་ཡ་གྱལ་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཡིན། གཞན་རྫོང་རིའི་རྟེན་རྫས་བཤམས་མཛོད་ཁང་དང་། ལོ་རྒྱུས་ཁྲོམ་སྲང་ལྕང་ལོ་ཁང་གསར་ཚང་མ་ཡུལ་སྐོར་བ་མང་པོས་ལྟ་སྐོར་བྱེད་འདོད་པའི་མཛེས་ལྗོངས་ཁུལ་གྱི་གྲས་ཡིན། པར་ལེན་རུ་ཁག་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལྗོངས་ཁུལ་སོ་སོའི་པར་བླངས་ཡོད་ཟེར།

གཞིས་རྩེ་ཡུལ་སྐོར་ཐོན་ཁུངས་སྣ་མང་ཕུན་སུམ་ཚོགས་ཆགས་པ་དེས་ཇོ་རི་གཙོ་བྱས་པའི་ཇོ་རིའི་ཡུལ་སྐོར་དང་། ཡར་ཀླུང་གཙང་པོའི་ཆུ་འགོའི་ཡུལ་སྐོར། རོང་ས་དམར་པོའི་ཡུལ་སྐོར་དང་ཧི་མ་ལ་ཡའི་རོང་ལྔའི་ཡུལ་སྐོར་ལམ་ཐིག་ཆགས་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། 2016ལོར་གཞིས་རྩེ་གྲོང་ཁྱེར་ཡོངས་ཀྱིས་ཁྱོན་བསྡོམས་པས་ཡུལ་སྐོར་བ་མི་གྲངས་ཁྲི་425ལྷག་སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་34ཟིན་པ་རེད།།
