དཀར་མཛེས་རྫོང་གི་དབུལ་ཕོངས་འབུམ་རམས་པར་གཅེས་སེམས་ལྡན་པའི་ཁེ་ལས་རོགས་སྐྱོར་ཐོབ།
ཡོང་ཁུངས། ཁམས་པའི་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༧ ཚེས་ ༢༠

འཕྲིན་ལས་དབང་མོ་ནི་དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་གྱི་མི་ཡིན། མོའི་ཨ་ཕར་ནད་ཕོག་ནས་ཉལ་ཁྲིའི་ཐོག་ཡུན་རིང་ལྷུང་ཡོད་སྟབས། ཨ་མ་གཅིག་པུས་མོ་རང་དཀའ་སྡུག་བརྒྱབ་ནས་འཚོ་སྐྱོང་བྱས་པ་རེད། ཁྱིམ་ཚང་དབུལ་པོ་ནས་སྐྱེས་པའི་འཕྲིན་ལས་དབང་མོ་ཆུང་དུས་ནས་སྤྱོད་ཡོན་གཉིས་ལེགས་ཀྱི་སློབ་མ་ཞིག་ཡིན། མོ་རང་སྔོན་རྗེས་སུ་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དང་དཀར་མཛེས་ཁུལ་ཁམས་བྱང་མི་རིགས་མཐོ་འབྲིང་དུ་སློབ་སྦྱོང་བྱས། དེ་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་མུ་མཐུད་དེ་ཞིབ་འཇུག་སློབ་མའི་བསླབ་གནས་ལ་བརྩོན་པ་དང་། དེའི་རྗེས་ཨའོ་མན་སློབ་ཆེན་དུ་ཁྲིམས་ལུགས་རིག་པའི་འབུམ་རམས་པའི་སློབ་སྦྱོང་བྱས་པ་རེད། ཁྱིམ་ཚང་དཀའ་ངལ་ཆེ་བའི་རྐྱེན་གྱིས་འཕྲིན་ལས་དབང་མོས་སྤྱི་ཚོགས་ལ་རོགས་རམ་གནང་རོགས་ཞུས་པས། མཐར་སི་ཁྲོན་ཧན་པོ་ཏེ་ཆ་འཕྲིན་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་རོགས་རམ་བྱས་པ་རེད།
སྤྱི་གཉེར་ཁང་དེའི་སྤྱི་ཁྱབ་སྤྱི་གཉེར་ཐང་དབྱི་ཉིང་གིས་སྨྱུག་འཛིན་པར་སྤྱི་གཉེར་ཁང་གིས་ཡུན་རིང་གཅེས་སེམས་དང་དགེ་སྒྲུབ་ཀྱི་བྱ་གཞག་ལ་ནུས་པ་འདོན་གང་ཐུབ་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་དེ་བས་དབུལ་སྐྱོར་དཔུང་སྡེའི་ཁྲོད་ཞུགས་གང་ཐུབ་བྱས་ཏེ་སློབ་གསོ་དབུལ་སྐྱོར་གྱི་ལས་ཀ་སྤེལ་གང་ཐུབ་བྱས་ཏེ། ལོ་མང་རིང་ལིའང་ཧྲན་དང་བོད་ལྗོངས་སོགས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དབུལ་ཕོངས་སློབ་གྲྭ་ཆེན་མོ་བར་རོགས་སྐྱོར་བྱས་ནས། ཁེ་ལས་ཀྱི་ནུས་པར་བརྟེན་ནས་མང་ཚོགས་ཀྱི་ཁྱིམ་ཚང་དབུལ་ཐར་ཡོང་བར་རང་ཉིད་ཀྱི་ནུས་པ་ཕྲན་བུ་བཏོན་པ་ཡིན་ཞེས་བཤད། མིག་སྔར་དཀར་མཛེས་ཁུལ་དུ་གཅེས་སེམས་ཐེབས་རྩ་བཙུགས་ནས་ལོ་རེར་སློབ་གྲྭ་ཆེ་ཁག་གི་དབུལ་ཕོངས་སློབ་མ30ལ་རོགས་སྐྱོར་བྱ་རྒྱུ་རེད།།
