དབུལ་ཕོངས་གྲོང་ཚོར་ཕྱུག་འགྱུར་གྱི་ཉི་མ་ཤར་བ།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༧ ཚེས་ ༡༡

ཕག་གཡུ་གྲོང་ཚོ་ནི་ནག་ཆུ་ས་ཁུལ་གཉན་རོང་རྫོང་སེར་ཆེན་ཤང་གི་ཁོངས་སུ་གཏོགས་ཤིང་། ཡུན་རིང་ནང་དབུལ་ཞིང་ཕོངས་པའི་གནས་སུ་ལྷུང་ནས་དུད་ཚང་མང་པོ་ཞིག་སྲིད་གཞུང་གི་དབུལ་སྐྱོར་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད། ཐོག་དཔང་དམའ་བའི་ཁང་ཆུང་རྙིང་ཧྲུལ་དང་། གང་བྱུང་དུ་ཕབ་པའི་སྦྲ་གུར་ནག་པོ། ཀྱག་ཀྱོག་གི་ལམ་ཆུང་འབར་འབུར་བཅས་ནི་མི་རྣམས་ཀྱི་བློ་ངོར་འཇགས་པའི་ཕག་གཡུ་གྲོང་ཚོའི་རྣམ་པ་ཡིན་པ་རེད།

གསར་འགོད་པ་ཕག་གཡུ་གྲོང་ཚོའི་མཉམ་ལས་དཔལ་འབྱོར་སྒྲིག་འཛུགས་ཀྱི་དཀར་ཆུའི་ཐོན་རྫས་ལས་སྣོན་ཁང་དུ་འབྱོར་སྐབས། ཚེ་རིང་མཚོ་མོས་བྱང་ཆ་ལྡན་པའི་སྒོ་ནས་བྱང་ཐང་འབྲོག་ཁུལ་གྱི་ཁྱད་ལྡན་ཡུལ་ཟོག་ལ་ལ་བཟོ་བཞིན་ཡོད་ཅིང་། གྲོང་ཚོའི་མཉམ་ལས་ཁང་དུ་ལས་ཀ་བྱེད་རྒྱུ་ཡོད་པས་ཚེ་རིང་མཚོ་མོར་ཡོང་འབབ་མི་དམན་པ་ཡོང་གི་ཡོད། དྲོ་སོབ་སོབ་ཀྱི་ལས་སྣོན་ཁང་ནང་ས་མཐོའི་འབྲི་ཡི་འོ་མ་ལས་སྣོན་བྱས་ཏེ་ལ་ལ་བཟོ་རྒྱུ་དེ་ནི་ཚེ་རིང་མཚོའི་ལས་འགན་ཡིན་ཞིང་། ལས་ཀ་དེར་བྱང་ཆ་ལྡན་པས་ཁོ་མོའི་ངོས་ནས་བརྗོད་ན་དཀའ་ངལ་གང་ཡང་མེད་པ་མ་ཟད། ས་མཐོའི་གྲང་ངར་ཆེ་བའི་ས་ཁུལ་དུ་འཚོ་གནས་བྱེད་མཁན་འབྲོག་པ་ཚོའི་ངོས་ནས་བརྗོད་ན་ལས་ཀ་དེ་ནི་སྐྱིད་པོ་ཞིག་ཡིན་པ་རེད། ཚེ་རིང་མཚོ་མོའི་ལག་གི་རྒྱུག་པ་རིང་མོའི་རྩེ་མོར་འགྲིལ་བརྒྱབ་པའི་ལ་ལ་གསོས་པ་ལས་དྭངས་གཙང་གི་འོ་དྲི་བྲོ་ཞིང་། མི་རིང་བར་སྟབས་བདེ་བའི་གྲོང་གསེབ་གཞུང་ལམ་གྱི་སྐྱེལ་འདྲེན་ལ་བརྟེན་ནས་ཁྲོམ་རའི་ཐོག་མི་རྣམས་ཀྱིས་ལྷད་མེད་རང་བྱུང་གི་བཟའ་བཅའི་བྲོ་བ་མྱོང་ཆོག་གི་ཡོད་པ་རེད།
མཉམ་ལས་ཁང་ནས་ལས་སྣོན་བྱས་པའི་ལ་ལའི་རྒྱུ་སྤུས་དག་པས་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པ་དང་། ལྷག་པར་དུ་ཕག་གཡུ་གྲོང་ཚོ་དེ་གཉན་རོང་རྫོང་ནས་ནག་ཆུ་གྲོང་རྡལ་བར་གྱི་གཞུང་ལམ་ཐོག་གནས་ཡོད་པས་སྒོ་འགྲམ་ནས་བྲོན་ཚོང་བྱེད་པའི་སྟབས་བདེ་ཡོད་པས། ལོ་ལྟར་ལ་ལ་ཁོ་ན་བྲིན་ཚོང་བྱས་པར་དངུལ་སྨར་ཡོང་འབབ་སྒོར་བརྒྱད་འབུམ་ཙམ་ཡོང་གི་ཡོད་པ་རེད།
དབང་རྒྱལ་ནི་ཕག་གཡུ་གྲོང་ཚོའི་དེ་སྔའི་རུ་དཔོན་ཡིན་ཞིང་། ཁོང་གི་དྲན་ཤེས་སུ་སྐབས་དེའི་ཕག་གཡུ་གྲོང་ཚོ་ནི་སེར་ཆེན་ཤང་གི་ཆེས་དབུལ་བའི་གྲོང་ཚོ་ཞིག་ཡིན་པ་དང་། བྱང་ཐང་གི་ས་ཆ་གཞན་དང་མི་འདྲ་བར་དབྱར་རྩྭ་དགུན་འབུ་དང་། གཏེར་ཁའི་ཐོན་ཁུངས་སོགས་པའི་དགེ་མཚན་གང་ཡང་མེད་ཅིང་། 1993ལོ་ནས་2008ལོ་བར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་800ཙམ་ལས་ཟིན་གྱི་མེད་པས་འབྲོག་པ་མང་ཚོགས་རྣམས་དབུལ་ཕོངས་གི་གནས་སུ་ལྷུང་ནས་དཀའ་ཚེགས་ཆེ་བའི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།
2009ལོར་བོད་ལྗོངས་ཀྱིས་ས་མཐོའི་ནོར་གྱི་ཁྱད་འཕགས་འདོན་སྤེལ་བྱས་པ་དང་གསེར་གཡག་ཚན་རྩལ་ལས་གཞི་གོང་འཕེལ་གཏོང་རྒྱུའི་འཆར་གཞིར་གཞིགས་ནས་ཕག་གཡུའི་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་བཙུགས་པ་དང་། སྒྲིག་འཛུགས་གཅིག་བཙུགས་པ་དང་། ཐོན་ལས་གཅིག་དར་བ། ས་གཅིག་གི་དཔལ་འབྱོར་འཁྲུག་པོ་ཆགས་པ། ཁུལ་དེའི་མང་ཚོགས་ཕྱུག་པོ་ཆགས་པ་བཅས་ཀྱི་རྩ་དོན་ལྟར་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་དེས་འབྲི་གཡག་རྒྱགས་གསོ་དང་། དཀར་ཆུའི་ཐོན་རྫས་ལས་སྣོན་བྱ་རྒྱུ་གཙོ་བོར་བཞག་ནས་འབྲི་གཡག་རྒྱགས་གསོ་དང་། བཤས་གཏོང་། བྲིན་ཚོང་བཅས་ཀྱི་སྦྲེལ་ཐག་གཅིག་དང་། དཀར་ཆུའི་ཐོན་རྫས་ལས་སྣོན་དང་། ཉར་ཚགས། དབོར་འདྲེན། བྲིན་ཚོང་བཅས་ཀྱི་བརྒྱུད་རིམ་ཚང་བའི་ཞབས་ཞུའི་མ་ལག་ཅིག་ཆགས་ནས་ཐོན་ལས་ཧྲིལ་པོ་གོང་འཕེལ་གཏོང་ཐུབ་པ་བྱུང་ཡོད་ཅིང་། 2013ལོར་སླེབས་དུས་ཕག་གཡུ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལས་བརྒལ་ཏེ་ནག་ཆུ་ས་ཁུལ་གྱི་ཉེ་རིང་གང་སར་སྐད་གྲགས་ཡོད་པའི་གྲོང་ཚོར་གྱུར་བ་དང་། ལྷག་པར་དུ་གནད་འཕིགས་དབུལ་སྐྱོར་གྱི་སྐུལ་འདེད་འོག ཕག་གཡུ་གྲོང་ཚོའི་ཐོན་ལས་གོང་འཕེལ་དང་། ཡོང་འབབ་འཕར་སྣོན་འགྲོ་རྒྱུར་སྲིད་ཇུས་ཀྱི་འདེགས་སྐྱོར་ཤུགས་ཆེན་ཐོབ་ནས་ད་ཆ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཆིག་ཁྲི་བཞི་སྟོང་ལྷག་ཙམ་ཟིན་པའི་ནག་ཆུ་ས་ཁུལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཐོག་མ་དེར་གྱུར་ཡོད།།