དབུལ་ཕོངས་ཚང་ལ་ནོར་གནག་བགོས་ནས་ཕྱུག་སྒྱུར་ལམ་དུ་ཁྲིད།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༦ ཚེས་ ༣༠
ནོར་གནག་གི་ཁ་གྲངས་མང་ཉུང་ནི་འབྲོག་པ་རྣམས་ཀྱི་དབུལ་ཕྱུག་འབྱེད་པའི་ཚད་ཐིག་གཙོ་བོ་ཞིག་ཡིན་ལ། ནོར་གནག་ལ་བརྟེན་ནས་འབྲོག་པ་རྣམས་ཀྱི་འཚོ་བ་རོལ་བཞིན་ཡོད་པས། ཧུང་ཡོན་རྫོང་ཨ་མོ་ཡུལ་ཚོས་དབུལ་ཕོངས་ཁྱིམ་ཚང་རྣམས་མཐའ་ནས་བསྐྱོར་ཆེད་ནོར་གནག་རྫི་རེས་སོགས་ཐབས་ལམ་སྣ་ཚོགས་བཏོན་ནས་ཕྱུག་སྒྱུར་ལ་རོགས་སྐྱོར་བྱེད་བཞིན་ཡོད།
ཉེ་ཆར། ཧུང་ཡོན་རྫོང་ཨ་མོ་ཡུལ་ཚོས་དབུལ་ཕོངས་ཁྱིམ་ཚང་ལ་ནོར་གནག་བགོ་བ་དང་སྲིད་ཇུས་འཆད་འགྲེལ་ཚོགས་འདུ་འཚོགས་ཏེ། དབུལ་ཕོངས་ཁྱིམ་ཚང་125ལ་ནོར་གནག་757བགོས་ནས་དབུལ་ཕོངས་ལས་ཐར་བར་རོགས་འདེགས་བྱས་ཡོད།རྒྱུས་ལོན་པ་ལྟར་ན། མ་དངུལ་དེ་ཡི་ཡོང་ཁུངས་ནི་དབུལ་ཁྱིམ་གྱི་མི་རེར་སྒོར་6000གི་ཐོན་ལས་འཕེལ་རྒྱས་ཀྱི་རོགས་དངུལ་ཡིན་ལ། མ་དངུལ་ཁྱོན་སྒོར་ཁྲི་273.2ཡོད། མ་དངུལ་དེ་དག་གིས་ནོར་གནག་757ཉོས་ནས་དབུལ་ཁྱིམ་རེ་རེར་བགོས་པ་རེད།

ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་སྒོར་མོ་ཐད་ཀར་ལག་ཏུ་མི་འཇོག་པར་ནོར་གནག་བགོ་བའི་ཐབས་འདི་སྤྱད་པ་ནི་ངོ་མ་ཡག་པོ་ཞིག་རེད། དེ་འདྲ་མིན་ན་གསར་རྒོད་ལ་ལས་གང་བསམ་དུ་བརླགས་ནས་ཆུ་ནང་དུ་རྡོ་འཕངས་པ་ལྟར་གར་སོང་ཆ་མེད་དུ་གྱུར་འགྲོ་ཞེས་བགྲེས་པོ་ཐོགས་མེད་ཀྱིས་བཤད་ཞོར་ཐབས་ལམ་འདི་ལ་བསྟོད་པའི་མཐེ་བོང་བསྒྲེངས་བྱུང་།།