བོད་ཀྱི་གསོ་རིག་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་གྱི་འགྲེམས་སྟོན་ནང་ཞུགས་པ།
ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༦ ཚེས་ ༡༢

བདེ་སྐྱིད་ནས་བོད་ལྗོངས་འགྲེམས་ཁང་གསོ་བ་རིག་པ་ཞེས་པའི་སྒོ་ཁར་ལེའུ་ཞའོ་ཧྥུང་དང་ལོ་ཧྲུའུ་ཀང་། དབྱིས་ལིས་བཅས་པར་མཇལ་དར་སྒྲོན་པ་དང་། ལེའུ་ཞའོ་ཧྥུང་དང་ལོ་ཧྲུའུ་ཀང་། དབྱིས་ལིས་བཅས་ཀྱིས་འབྲེལ་ཡོད་ལས་དོན་པའི་གསོ་བ་རིག་པའི་སྐོར་གྱི་ངོ་སྤྲོད་གསན་བཞིན་དུ་གསོ་བ་རིག་པའི་ལོ་རྒྱུས་དང་རྒྱུད་བཞི། གསོ་བ་རིག་པའི་རྩ་བའི་རིག་གཞུང་དང་ལྟེ་བའི་རིན་ཐང་སོགས་ཀྱི་འགྲེམས་སྟོན་ལ་ནན་ཏན་ངང་གཟིགས་ནས། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དང་ལྷག་པར་དུ་གསོ་བ་རིག་པ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་འདེང་འཇོག་མཐོ་པོ་གནང་བ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ་2007ལོར་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་གཏོང་ཚུན། རིག་གནས་པུའུ་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་། ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད། སྐབས་འདིའི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་རྒྱུན་འཛིན་གོང་འཕེལ་གྱི་གསོན་ཉམས་དོད་པའི་ལག་ལེན་ཞེས་པ་དེ་ཡིན་པ་དང་། རྒྱལ་ཁབ་100ལྷག་ཙམ་ནས་ཡོང་བའི་རྒྱལ་སྤྱིའི་གྲོགས་པོ་500ལྷག་ཙམ་སྐབས་འདིའི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་གྱི་སྤེལ་རེས་དང་འགྲེམས་སྟོན་བྱེད་སྒོར་ཞུགས་ཡོད། །