ལྷ་སར་མཉམ་སྤྱོད་རྐང་འཁོར་བེད་སྤྱོད་གཏོང་འགོ་ཚུགས་པ།
ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༥ ཚེས་ ༥

ofoམཉམ་སྤྱོད་རྐང་འཁོར་སྤྱི་གཉེར་ཁང་གི་བོད་ལྗོངས་ཁུལ་གྱི་སྤྱི་གཉེར་བ་ལུས་ཧྲོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ofoམཉམ་སྤྱོད་རྐང་འཁོར་ལྷ་སར་འགྲེམ་པའི་དུས་མཚམས་སྔ་མར་རྐང་འཁོར་ཉིས་སྟོང་འཇོག་རྩིས་ཡོད་པ་དང་། ཕོ་བྲང་པོ་ཏ་ལས་ལྟེ་བ་བྱས་ཏེ་རིམ་བཞིན་གྲོང་ཁྱེར་ཡོངས་ལ་ཁྱབ་གདལ་གཏང་རྒྱུ་དང་། སྔོན་དཔག་བྱས་ན་ལོ་འདིའི་ནང་ཚུན་དུ་ཁྲི་གཅིག་བར་སྤོར་རྒྱུ་ཡིན་པ་རེད།
ofoམཉམ་སྤྱོད་རྐང་འཁོར་ལྷ་སར་བེད་སྤྱོད་གཏོང་རྒྱུའི་གནས་ཚུལ་དེ་ཐོས་རྗེས་གྲོང་མི་སྤེན་པ་ནོར་བུ་སེམས་པ་ཧ་ཅང་དགའ་པོ་བྱུང་ཡོད། ཁོང་དེའི་གོང་པེ་ཅིང་དུ་འགྲོ་དུས་རྐང་འཁོར་དེ་འདྲ་བེད་སྤྱོད་བཏང་མྱོང་བའི་རྐྱེན་གྱིས་རྐང་འཁོར་དེ་རིགས་བེད་སྤྱོད་གཏོང་སྟངས་ལ་རྒྱུས་མངའ་ཡོད་པ་རེད། ཁོང་གིས། པེ་ཅིང་ནང་བཞིན་གྱི་སྟབས་བདེ་པོ་ཡོད་ན། ངས་བེད་སྤྱོད་གཏོང་དང་གཏོང་ཞེས་བཤད་ཡོད་པ་རེད།
ལྷ་སར་ཡུལ་སྐོར་ལ་ཡོང་བའི་སི་ཁྲོན་ནས་ཡིན་པའི་བུ་མོ་ཐང་ལིང་གིས་ཀྱང་ofoམཉམ་སྤྱོད་རྐང་འཁོར་བེད་སྤྱོད་གཏོང་ཤེས་ཀྱིན་ཡོད། ཁོང་གིས། ལྷ་ས་གྲོང་ཁྱེར་ནང་མཛེས་ལྗོངས་ཁུལ་མང་པོ་ཡོད། ལམ་ཐིག་གསལ་པོ་ཧ་གོ་རྗེས་རྐང་འཁོར་བཞོན་ནས་འགྲོ་རྒྱུ་ནི་གདམ་ག་ཡག་པོ་ཞིག་རེད་ཅེས་བཤད་འདུག
ད་ཆ། གཞིས་རྩེ་གྲོང་ཁྱེར་གྱི་མི་རྣམས་ofoམཉམ་སྤྱོད་རྐང་འཁོར་བེད་སྤྱོད་གཏོང་རྒྱུར་གོམས་པར་གྱུར་ཡོད་ཅིང་། མིག་སྔར་གཞིས་རྩེ་གྲོང་ཁྱེར་ལ་ofoམཉམ་སྤྱོད་རྐང་འཁོར་༥༠༠ཡོད་པ་དང་། འཆར་གཞིར་གཞིགས་ན། ལོ་འདིའི་ནང་ཚུན་དུ་ofoམཉམ་སྤྱོད་རྐང་འཁོར་ཉིས་སྟོང་ཡས་མས་འཇོག་རྩིས་ཡོད་པ་དང་། དེའི་ཐོག་ནས་ཀྱང་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་མི་རྣམས་ཀྱིས་རྐང་འཁོར་དེ་རིགས་ལ་རྒྱུས་མངའ་དེ་བས་ཆེ་རུ་ཕྱིན་པ་དང་། རྐང་འཁོར་བེད་སྤྱོད་ཀྱི་དགོས་མཁོ་ཡང་སྔར་བས་ཆེ་རུ་ཕྱིན་པ་མཚོན་ཐུབ་ཀྱིན་ཡོད།།