ཉག་རོང་རྫོང་སྒང་རི་གྲོང་སྡེས་རྨང་གཞི་སྒྲིག་ཆས་དང་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པའི་ཡོང་འབབ་འཕར་ཐབས་བྱས།
ཡོང་ཁུངས། ཁམས་པའི་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༤ ཚེས་ ༡༤

སྒང་རི་གྲོང་སྡེའི་ཧྲུའུ་ཅི་དང་པོ་ནི་གཞི་རིམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་ནགས་ལས་སྤྱི་བདེ་ལས་ཁུངས་ནས་ཡོང་བའི་བསོད་ནམས་བསྟན་འཛིན་རེད། ཁོས་གསར་འགོད་པར་ན་ལོར་རྫོང་འགྲིམ་འགྲུལ་སྡེ་ཚན་གྱིས་རྒྱབ་སྐྱོར་འོག་གྲོང་བགྲོད་ཨར་འདམ་གཞུང་ལམ་སྤྱི་ལེ་ལྔ་ཕྱེད་ཙམ་བསྐྲུན་ནས་གྲོང་མིའི་འགྲོ་ལམ་མི་བདེ་བའི་གནད་དོན་ཐག་གཅོད་བྱས་ཡོད། དབྱི་པིང་གྲོང་ཁྱེར་གྱིས་རོགས་འཛུགས་བྱས་ནས་གྲོང་སྡེའི་བྱེད་སྒོ་སྤེལ་ཁང་གསར་སྐྲུན་བྱས་པར་མ་ཟད་ནང་གི་སྒྲིག་ཆས་ཉོ་སྒྲུབ་དང་ཡིག་ཚགས་ལས་ཀ་སོགས་འཐུས་ཚང་བ་བཏང་ཡོད་ཅེས་བཤད་ཞོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་སྐོར་གྱི་ཡིག་ཆ་དང་པར་རིས་བླངས་ནས་སྨྱུག་འཛིན་པར་བསྟན་པ་རེད།
སྒང་རི་གྲོང་སྡེ་ནས་ཉག་རོང་རྫོང་གི་གྲོང་ཁུལ་བར་རྒྱང་ཐག་སྤྱི་ལེ་བཅུ་ཡོད་པ་རེད། དུད་ཚང82དང་མི་གྲངས502ཡོད་ཅིང་། དེའི་ནང་དུ་ཡིག་ཚགས་རྒྱུས་བྱང་བཟོས་པའི་དུད་ཚང23ཡོད་པའི་ནང་ནས་ན་ལོར་དུད་ཚང་བཞི་དབུལ་པོ་ལས་ཐར་ཞིང་ད་ལོར་དུད་ཚང14ཡི་དབུལ་པོའི་ཞྭ་མོ་ཕུད་དགོས་པ་རེད།

སྒང་རི་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསམ་འཕེལ་གྱིས་རྫོང་གི་དབུལ་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱས་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ང་ཚོ་གྲོང་ཚོ་ཁོ་ནའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་འཕོ་འགྱུར་ཆེན་པོ་འདི་ལྟར་བྱུང་ཡོད་པ་ཧ་ལས་དགོས་པ་ཞིག་རེད། སླད་མར་དབྱི་པིང་གྲོང་ཁྱེར་གྱིས་རོགས་སྐྱོར་འཛུགས་སྐྲུན་བྱེད་པར་བརྟེན་ནས་གྲོང་སྡེའི་བྱེད་སྒོ་སྤེལ་ཁང་གི་ཞོར་གཏོགས་སྒྲིག་ཆས་སྨན་ཁང་དང་ཟས་ཁང་། རིག་གནས་ཁང་། ཆབ་ཁང་སོགས་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞིང་། ཡུལ་སྐོར་མཛེས་ལྗོངས་སྐོར་ལམ་དང་ལྟ་སྟེགས། ཡུལ་མིའི་ཁང་ཁྱིམ་མཛེས་བཟོ་སོགས་ཀྱི་ལས་གཞི་ཡང་སྤེལ་གྲབས་ཡོད་པར་མ་ཟད། འབྲི་མ82ཀྱི་འཆར་གཞི་ཡོད་པའི་གསོ་སྤེལ་མཉམ་ལས་ཁང་ཞིག་ཀྱང་འཛུགས་གྲབས་ཡོད། མ་འོངས་པ་ན་ཉག་རོང་རྫོང་དང་རང་ཁུལ་གྱི་ཡིད་སྨོན་འཆོར་བའི་བདེ་སྐྱིད་མཛེས་གྲོང་ཞིག་བསྐྲུན་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་ཅེས་བཤད་པ་རེད།།