དར་མདོའི་ལོ་རྒྱུས་སྟེང་གི་ཐེངས་དང་པོའི་རྒྱང་རྒྱུག་འགྲན་བསྡུར།
ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༠ ཚེས་ ༨

ཐེངས་འདིའི་རྒྱང་རྒྱུག་འགྲན་བསྡུར་དེ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་བ་རེད། འགྲན་དོན་ཐད་སྤྱི་ལེ་21ཡོད་པའི་སྐྱེས་པ་དང་བུད་མེད་ཀྱི་ལམ་ཚད་ཕྱེད་ཀའི་རྒྱང་རྒྱུག་དང་སྤྱི་ལེ་5ཡོད་པའི་ལེ་རྒྱུགས་ཀྱི་ཆེད་ལས་ཚོགས་ཆུང་དང་། དཀར་མཛེས་ས་གནས་རང་གི་སྐྱེས་པ་དང་བུད་མེད་ཀྱི་ལམ་ཚད་ཕྱེད་ཀའི་རྒྱང་རྒྱུག་ཚོགས་ཆུང་བཅས་སུ་དབྱེ་བ་རེད། འགྲན་བསྡུར་རུ་ཁེན་ནི་ཡ་དང་པེ་ཅིང་། ཁྲུང་ཆིང་། ཁྲེང་ཏུའུ་སོགས་རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་ཞུགས་པ་2000ལྷག་ཡོད་པ་རེད།
ཞོགས་པའི་ཆུ་ཚོད8པའི་སྟེང་དངོས་སུ་འགྲན་བསྡུར་བྱེད་འགོ་ཚུགས་པ་དང་ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད། ཀུའེ་ཀྲོའུ་ཀུའེ་དབྱང་ནས་ཡོང་བའི་བདམས་ཐོན་པ་ཀོན་ཡིའུ་ཧྲེང་གིས་དུས་ཡུན་སྐར་མ་68དང་སྐར་ཆ་50ཡི་རྒྱུག་འབྲས་ཀྱིས་ལམ་ཚད་ཕྱེད་ཀའི་རྒྱང་རྒྱུག་ཆེད་གཉེར་གྱི་སྐྱེས་པའི་ཚོགས་ཆུང་ལས་ཨང་དང་པོའི་རྟགས་མ་བླངས་པ་དང་སློབ་གཉེར་བྱེད་བཞིན་པའི་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་མ་ཝང་ཧོན་གྱིས་དུས་ཡུན་སྐར་མ་70དང་སྐར་ཆ་37ཡི་རྒྱུག་འབྲས་ཀྱིས་ཨང་གཉིས་པའི་རྟགས་མ་བླངས། ཁེན་ནི་ཡའི་མི་རྒྱུད་ནག་པོའི་སྐྱེས་པNicholasཡིས་དུས་ཡུན་སྐར་མ་75དང་སྐར་ཆ་12ཡི་རྒྱུག་འབྲས་ཀྱིས་ཨང་གསུམ་པའི་རྟགས་མ་བླངས་པ་རེད།

རང་ཁུལ་གྱི་ཉག་རོང་རྫོང་གི་བདམས་ཐོན་པ་ཀུའུ་ཧེ་ཡིས་ས་གནས་རང་གི་ལམ་ཚད་ཕྱེད་ཀའི་རྒྱང་རྒྱུག་གི་སྐྱེས་པའི་ཚོགས་ཆུང་ལས་ཨང་དང་པོ་དང་ཧོ་ཅིང་ཧྲན་དང་ཞེ་ཝན་ཁང་གཉིས་ཀྱིས་ཨང་གཉིས་པ་དང་གསུམ་པ་བཅས་ཀྱི་རྒྱུག་འབྲས་བླངས་པ་རེད། ལུའུ་ལི་ཡིས་ས་གནས་རང་གི་བུད་མེད་ཚོགས་ཆུང་ལས་ཨང་དང་པོའི་རྒྱུག་འབྲས་བླངས་པ་རེད།