དཀར་མཛེས་ཁུལ་རོང་བྲག་རྫོང་མི་དམངས་ཁྲིམས་ཁང་གིས་སྟག་གསུམ་ཁྲིམས་ཁང་ཚན་རྩལ་ཁྲིམས་ར་དངོས་སུ་བསྐྲུན།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༩

ཚན་རྩལ་ཁྲིམས་སར་གཙོ་བོ་གྱོད་དོན་འཕྲི་དུས་དང་། ཁྲིམས་སའི་འདྲི་གཅོད་དོ་དམ། གཅིག་བསྡུས་ཚོད་འཛིན། དཔང་རྟགས་སྟོན་པ། དུས་མཉམ་སྒྲ་ཕབ་བརྙན་ཕབ་སོགས་ཀྱི་བྱེད་ནུས་ལྡན། ཁྲིམས་སའི་ཞིབ་གཅོད་སྐབས་སུ། ཁྲིམས་སའི་ནང་གི་གློག་རྡུལ་ཆ་འཕྲིན་མ་ལག་གིས་སྒྲ་བརྒྱུད་ནས་རང་འགུལ་གྱིས་འཆད་མཁན་གནས་ས་དབྱེ་འབྱེད་བྱེད་ཐུབ་པ་དང་། བརྙན་ལེན་འཕྲུལ་ཆས་བརྒྱུད་དེ་བརྙན་ཤེལ་ཐོག་གི་རི་མོ་རང་འགུལ་གྱིས་བརྗེ་བ་དང་། ཁྲིམས་རའི་འདྲི་གཅོད་ཀྱི་བརྙན་ལམ་དང་ཟིན་བྲིས་ནི་ཡི་གེ་དང་རི་མོ་མཉམ་དུ་བརྙན་ཡོལ་གཅིག་གི་སྟེང་དུ་སྟོན་ཐུབ། ཚན་རྩལ་ཁྲིམས་ཁང་གིས་ཁྲིམས་རའི་འདྲི་གཅོད་གོ་རིམ་དུས་མཉམ་དུ་སྒྲ་ཕབ་བརྙན་ཕབ་བྱེད་པ་མངོན་འགྱུར་བྱུང་བས། སྲོལ་རྒྱུན་གྱི་ཁྲིམས་ས་འཚོགས་སྟངས་ལ་འགྱུར་ལྡོག་བཏང་བ་རེད། ཚན་རྩལ་ཁྲིམས་སའི་འདྲི་གཅོད་ཀྱི་གོ་རིམ་སྟབས་བདེ་དང་ཐད་མཐོང་དུ་བྱས་ཤིང་། འདྲི་གཅོད་བྱེད་སྒོ་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་ཡིན་པ་དང་། དུས་ཀུན་ཏུ་འདྲི་གཅོད་བྱ་ཡུལ་སོར་ཆུད་བྱེད་ཐུབ། དེས་ཁྲིམས་དཔོན་གྱིས་ཁྲིམས་སའི་འདྲི་གཅོད་ཀྱི་ཁ་ལོ་བསྒྱུར་ནུས་ཇེ་མཐོར་བཏང་པར་མ་ཟད། ཁྲིམས་དཔོན་གྱི་གཏམ་གླེང་དང་བྱ་སྤྱོད་ཚོད་འཛིན་དང་ཚད་ལྡན་དུ་བཏང་ཡོད་པས། ཉི་འོད་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བ་དང་། འདྲི་གཅོད་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ། ཁྲིམས་འཛིན་གྱི་སྤྱི་མོས་བྱེད་ཚད་ཇེ་མཐོར་གཏོང་བ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།
ཚན་རྩལ་ཁྲིམས་ཁང་བེད་སྤྱོད་གཏོང་འགོ་ཚུགས་པ་དེས་ཁྲིམས་ཁང་ནང་ཁུལ་དང་སྤྱི་ཚོགས་ཐོག་གི་སྤྱི་དམངས་ཀྱིས་ཁྲིམས་འཛིན་བརྒྱུད་རིམ་ལ་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་། ཁྲིམས་ཁང་གི་ཉི་འོད་འདྲི་གཅོད་ལ་སྐུལ་འདེད་བཏང་བ་རེད། མིག་སྔར། ཁྲིམས་ཁང་འདིར་ཚན་རྩལ་ཁྲིམས་ས་གསུམ་བཙུགས་ཡོད་ལ། དྲང་གཞག ནུས་མཐོ། དབང་གྲགས་ཀྱི་འདྲི་གཅོད་ལས་ཁུངས་འཛུགས་སྐྲུན་བྱེད་པའི་ཐད་ལ་གོམ་སྟབས་བརྟན་པོ་སྤོས་ཡོད།།