ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ་11ཚེས་19ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་རྒྱལ་སྤྱིའི་སྤེལ་རེས་ལྟེ་གནས་སུ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་གཙོ་སྐྱོང་གནང་བ་མ་ཟད། འགོ་བརྗོད་དུ《ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་མཐུན་ཚོགས་པ་བསྐྲུན་ནས། “ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ངོ་མཚར”གྱི་ལེའུ་གསར་པ་མུ་མཐུད་རྩོམ་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་ཡོད།
ཟླ་11པའི་ཧྲེན་ཀྲེན་དུ་བསིལ་རླུང་དལ་བུར་ལྡང་ཞིང་མེ་ཏོག་རྣམ་པར་བཞད་ཡོད།

ཞི་ཅིན་ཕིང་གིས་ཚོགས་ཞུགས་དཔལ་འབྱོར་ཚོགས་པ་ཁག་གི་འགོ་ཁྲིད་དང་འཐུས་མི། དེ་བཞིན་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་བ་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་དང་། ཁོང་ཚོ་དང་མཛའ་བརྩེའི་ངང་ཕྱག་བཏང་གནང་བ་མ་ཟད། མཉམ་སྡེབ་ཀྱི་དྲན་རྟེན་སྐུ་པར་བསྐྱོན་པ་དང་། དེ་རྗེས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།

ཞི་ཅིན་ཕིང་གིས། ལོ་ངོ་30ལྷག་གི་གོང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་བབ་བསྟུན་ངང་བཙུགས་ཏེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་བཏོད་ཡོད། ལོ་ངོ་30ལྷག་གི་རིང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྣམ་པར་ཉིན་རེ་བཞིན་འཕོ་འགྱུར་བྱུང་བ་དང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི“ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ངོ་མཚར”བཏོད་ཡོད། གོ་སྐབས་དང་འགྲན་རྩོད་གསར་པའི་མདུན་དུ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་ཀྱང་ངེས་པར་དུ་དུས་བབ་གསར་པ་དང་བསྟུན་པ་དང་། གོམ་སྟབས་གསར་པ་སྤོ་བ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། ཕྱར་བ་གྲུ་འདེགས་དང་། སྒོ་དབྱེ་རྒྱུན་འཁོར། གསར་འབྱེད་གསར་གཏོད། ཁོང་ཡངས་འཕེལ་རྒྱས་བཅས་ཀྱི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།
དེ་ཡང་གཅིག་ནས་ཕྱར་བ་གྲུ་འདེགས་རྒྱུན་འཁྱོངས་བྱེད་པ་དང་། ཐུན་མོང་ཁེ་ཕན་གྱི་འབྲེལ་ཐག་དམ་དུ་གཏོང་བ། དཀའ་ངལ་དང་འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག་པ་བཅས་བྱས་ཏེ། གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་དགོས། གཉིས་ནས་སྒོ་དབྱེ་རྒྱུན་འཁོར་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། སྒོ་དབྱེ་བ་ལས་གཞན་པ་ཕྱིར་འབུད་མི་བྱེད་པ་དང་མཉམ་འདྲེས་བྱེད་པ་ལས་ཁ་ཕྲལ་མི་གཏོང་བའི་མཉམ་ལས་ཀྱི་རྣམ་པ་གཏོད་པ། རང་མོས་སྒོ་དབྱེའི་ཉོ་ཚོང་དང་མ་འཇོག་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་འཕར་རྒྱུར་ཁོར་ཡུག་སྔར་བས་རྒྱ་ཆེ་བ་གཏོད་དགོས། གསུམ་ནས་གསར་འབྱེད་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། ཚན་རྩལ་སྤེལ་རེས་དང་མཉམ་ལས་ལ་སྐུལ་ལྕག་གཏོང་བ། གསར་གཏོད་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། སྒོ་དབྱེ་དང་འདྲ་མཉམ། དྲང་གཞག མཐོང་ཆུང་མེད་པ་བཅས་ཀྱི་མཉམ་ལས་ཁོར་ཡུག་གཏོད་པ། ལམ་སྲོལ་གྱི་འདུ་ཤེས་གསར་གཏོད་དང་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་གྱི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་འདོན་སྤེལ་བྱེད་དགོས། བཞི་ནས་ཁོང་ཡངས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀུན་ཕན་མཉམ་སྤྱོད་ཐུབ་པར་བྱེད་པ། དམངས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་བ། ཕྱོགས་ཁག་གི་ཁེ་ཕན་ལ་ལྟ་རྟོག་བཅས་བྱས་ནས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་མཐུན་ཚོགས་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་ཆེད་མཐུན་རྐྱེན་གསོག་འཇོག་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་ནི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་དར་སྤེལ་གཏོང་མཁན་དང་། དེར་སྐུལ་འདེད་གཏོང་མཁན། སྔོན་སྐྱོད་པ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་བློ་བསྡུས་དགེ་འཚོལ་དང་མཉམ་ཤུགས་གཅིག་སྡུད་བྱས་ཏེ། མཉམ་དུ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་མཐུན་ཚོགས་པའི“གདུང་བཞི་ཀ་བརྒྱད”བསྐྲུན་འདོད་ཡོད།
དེ་ཡང་གཅིག་ནི། དཔལ་འབྱོར་ཉོ་ཚོང་གི་ཀ་རྟེན་ཤུགས་ཆེ་རུ་གཏོང་དགོས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་ནི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐུན་མོང་གི་འདུན་པ་ཡིན་པས། བརྟན་པོའི་ངང་མདུན་ཕྱོགས་སུ་སྐུལ་འདེད་བཏང་ནས། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་གནས་སྟངས་གཏོད་དགོས། ས་ཁོངས་ཀྱི་དཔལ་འབྱོར་ཉོ་ཚོང་གྲོས་ཆོད་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་མ་འཇོག་སྟབས་བདེ་ཅན་དང་གྲངས་འཛིན་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས། ཉོ་ཚོང་མ་འཇོག་གི་འགོག་རྐྱེན་ཉུང་དུ་གཏོང་དགོས། སྲིད་ཇུས་ཐད་ཀྱི་གླེང་མོལ་ལ་ཤུགས་སྣོན་རྒྱག་པ་དང་། ཉམས་མྱོང་སྤེལ་རེས་དང་ལག་རྩལ་མཉམ་ལས་བྱས་ཏེ། ཕྱོགས་ཁག་གི་ཆུ་ཚད་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་བཀོད་སྒྲིག་ནང་ཞུགས་པའི་ནུས་པ་ཆེ་རུ་གཏོང་དགོས།
གཉིས་ནི། སྦྲེལ་མཐུད་ཀྱི་ཀ་རྟེན་རིམ་སྤོར་བྱེད་དགོས། མཉམ་སྦྲེལ་མཉམ་མཐུད་ནི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་སྦྲེལ་ཐག་ཡིན། “མཁྲེགས་ཆས་འབྲེལ་མཐུད”སྲ་བརྟན་དུ་བཏང་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། “མཉེན་ཆས་འབྲེལ་མཐུད”ཤུགས་ཆེར་བཏང་ནས། སྲིད་ཇུས་དང་ལྟ་སྐུལ་དོ་དམ་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས། “སེམས་འབྲེལ་མཐུད”ཟབ་ཏུ་བཏང་ནས། ཚོང་དོན་ཡུལ་སྐོར་དང་མི་སྣའི་འགྲོ་འོང་སྟབས་བདེར་གཏོང་བ་དང་། མི་ཆོས་རིག་གནས་སྤེལ་རེས་དང་མང་ཚོགས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གཅུགས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
གསུམ་ནི། གསར་གཏོད་ཀྱི་ཀ་རྟེན་བསྐྲུན་དགོས། གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་ནི་གསར་གཏོད་འཕར་སྣོན་གྱི་སྒུལ་བྱེད་འཕྲུལ་འཁོར་ཡིན། གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ས་ཁོངས་ཀྱི་གྲངས་གཞི་བཅོས་སྒྲིག་དང་མཐུན་སྦྱོར་མཉམ་ལས་འཐུས་སྒོ་ཚང་དུ་བཏང་ནས། ནུས་ཆེ་དང་སྟབས་བདེ། བདེ་འཇགས་བཅས་ཀྱི་ས་མཚམས་སྒྲོལ་བའི་གྲངས་གཞི་འཁོར་རྒྱུག་མངོན་འགྱུར་ཡོང་བ་བྱེད་དགོས། སྒོ་དབྱེ་གསར་གཏོད་ཀྱི་ཁོར་ཡུག་བཏོད་ནས། མི་ཐབས་རིག་ནུས་རྒྱ་ཁྱབ་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་བརྗེ་སྒྱུར་རིམ་སྤོར་དང་གསར་པའི་ཕྱོགས་སུ་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
བཞི་ནི། འཕེལ་རྒྱས་ཀྱི་ཀ་རྟེན་བརྟན་དུ་གཏོང་དགོས། ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ས་ཁོངས་ཀྱི་ནུས་ཁུངས་དང་འབྲུ་རིགས་བདེ་འཇགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མངའ་ཁོངས་སྒྲོལ་བའི་རུལ་སུངས་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། ཐོན་ཁུངས་དང་། ཁོར་ཡུག མི་འབོར་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། སྦགས་མེད་ཐཱན་ཉུང་གི་མཉམ་ལས་རྒྱ་སྐྱེད་བཏང་ནས། དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་ཡོང་བ་བྱེད་དགོས། དམངས་འཚོ་ལེགས་བཅོས་དང་མི་ལ་མ་དངུལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། རྒན་རྒོན་བདེ་ཐང་གི་བྱ་སྤྱོད་ལག་བསྟར་བྱེད་པ། ལས་ཞུགས་དང་ལས་རིགས་རྩལ་ནུས་གསར་སྤེལ་ལ་སྐུལ་འདེད་གཏོང་བ། བུད་མེད་ལ་དཔལ་འབྱོར་གྱི་དབང་ཆ་སྤྲོད་པ་དང་ན་གཞོན་ཤེས་ལྡན་མི་སྣའི་སྤེལ་རེས་ལ་རྒྱབ་སྐྱོར་བྱས་ཏེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཤེས་ལྡན་མི་སྣའི་གསོན་ཤུགས་རྒྱས་པར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གསར་ཤོས་ཁྱབ་བསྒྲགས་གནང་བའི་ནང་། ཨ་སྒོར་བྱེ་བ་གཉིས་བཏང་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་དངོས་སྒྲུབ་མཉམ་ལས་བྱ་རྒྱུར་རོགས་སྐྱོར་བྱ་རྒྱུ་དང་། ཧྲེན་ཀྲེན་དུ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་མཐུན་ཚོགས་པའི་ཞིབ་འཇུག་ལྟེ་གནས་བཙུགས་ཏེ། སྲིད་ཇུས་ཞིབ་འཇུག་དང་སྤེལ་རེས་བྱེད་པ་དང་། རིག་ནུས་ཀྱིའདེགས་སྐྱོར་མཁོ་འདོན་བྱེད་པ། གྲངས་འཛིན་ལག་རྩལ་དང་། གྲངས་གཞི་ས་ཁོངས་སྒྲོལ་ནས་འཁོར་རྒྱུག་བྱེད་པ། དྭངས་གཙང་ནུས་རྒྱུ། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་མཉམ་ལས་ལས་ཁུངས་བཙུགས་ནས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གསར་གཏོད་དང་སྦགས་མེད་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཚུད་ཡོད།
དཔལ་འབྱོར་ཚོགས་པ་ཁག་གི་འགོ་ཁྲིད་པ་དང་འཐུས་མིས་ཚོགས་འདུའི་བརྗོད་བྱ་གཙོ་བོ“ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་མཐུན་ཚོགས་པ་བསྐྲུན་ནས་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པར་གཞིགས་ནས་རིམ་པ་བཞིན་གཏམ་བཤད་གནང་ཡོད། ཕྱོགས་ཁག་གིས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི“ཀྲུང་གོའི་ལོར”ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཀྲུང་གོས་ལས་དོན་གཟེངས་སུ་ཐོན་པ་བསྒྲུབས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་དང་བྱེད་ཐབས་གལ་ཆེན་ལ་དགེ་མཚན་ལྡན་པའི་བརྡ་ལན་གནང་ཡོད། ཕྱོགས་ཁག་གིས། ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཉེན་ཁ་དང་འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག་པ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་ཀྱི་སྤྱི་འདོམས་པ་ཀེ་ཨོའར་ཅི་ཡེ་ཝས་གདན་ཞུས་ལྟར་མིག་སྔའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་དུས་བབ་ངོ་སྤྲོད་གནང་ཡོད།
ཞི་ཅིན་ཕིང་གིས་ཕྱོགས་ཁག་གི་གཏམ་བཤད་གསན་རྗེས་ཕྱོགས་བསྡོམས་གསུང་བཤད་གནང་ནས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་རྒྱུའི་ཐད་འདོད་ཚུལ་ཁག་གསུམ་བཏོན་གནང་བ་སྟེ། གཅིག་ནི་སེམས་ཤུགས་བརྟན་དུ་བཏང་སྟེ། འབད་བརྩོན་ཆེན་པོས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ཐུན་མོང་གི་ངོས་འཛིན་དེ་བྱ་སྤྱོད་དུ་འགྱུར་བ་དང་བསམ་འདུན་དེ་ལག་ལེན་ལ་འགྱུར་བ་བྱེད་དགོས་པ་དང་། གཉིས་ནི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཁ་ཕྱོགས་ཆེན་པོར་གཡོ་འགུལ་མི་གཏོང་བ་དང་། འགན་འཁྲིའི་བསམ་པ་ཆེན་པོའི་ཐོག་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ། མཉམ་དུ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པ། གསུམ་ནི་དམ་པ་དོན་གཉེར་བྱེད་པ་དང་། འཕེལ་རྒྱས་ཀྱི་སྤྱིའི་བགོ་གྲངས་ཆེ་ཤོས་དེར་དམ་འཛིན་བྱེད་པ། ཆོས་ཉིད་ལ་བརྩི་འཇོག་དང་དངོས་འཛིན་དངོས་སྒྲུབ། ལས་དོན་སྒྲུབ་མཁས་ལ་གྲུབ་འབྲས་ཐོབ་པ་བཅས་བྱས་ནས། ཚོར་ཐུབ་པ་དང་རེག་ཐུབ་པའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས་པ་བཅས་རེད།
ཚོགས་འདུའི་མཇུག་ཏུ་མགྲོན་བདག་རྒྱལ་ཁབ་ཀྱི་རྩིས་སྤྲོད་རྩིས་ལེན་བྱས་པ་དང་། 2027ལོའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཝེ་ཐེ་ནམ་གྱི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་གྱིས་དཔལ་འབྱོར་ཚོགས་པ་ཁག་གི་འགོ་ཁྲིད་པ་དང་འཐུས་མི་སང་ལོར་ཝེ་ཐེ་ནམ་དུ་ཚོགས་འདུར་ཞུགས་རྒྱུར་དགའ་བསུ་ཞུས་ཡོད།
ཚོགས་འདུའི་ཐོག 2026ལོའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་བསྒྲགས་གཏམ་དང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད་ཀྱི“ཧྲེན་ཀྲེན་གྱི་རྒྱང་ལྟ”ཞེས་པ། དེ་བཞིན་ཉོ་ཚོང་དང་། འབྲེལ་མཐུད། གསར་གཏོད་ཁྱབ་ཁོངས་བཅས་ཀྱི་གྲུབ་འབྲས་ཡིག་ཆ་གསུམ་ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་ཡོད།
ཚའེ་ཆི་དང་ཝང་དབྱི་ཚོགས་འདུར་ཞུགས་ཡོད།
