ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པར་ཞུགས་པར་ཕེབས་པའི་སྐུ་མགྲོན་ལ་དགའ་བསུ་ཞུས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། མཚམས་གཅོད།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡༡ ཚེས་ ༢༠

ཟླ་11ཚེས་18ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ནས་ཧྲེན་ཀྲེན་རྒྱལ་སྤྱིའི་སྤེལ་རེས་ལྟེ་གནས་སུ་གསོལ་སྟོན་བཤམས་ནས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པར་ཞུགས་པར་ཕེབས་པའི་སྐུ་མགྲོན་ལ་དགའ་བསུ་ཞུས་ཡོད།

ཤང་རྨི་མཚོ་འགྲམ་དུ་གློག་འོད་ཁྲ་ཆེམ་མེར་འཕྲོས་ཤིང་། རྒྱལ་སྤྱིའི་སྤེལ་རེས་ལྟེ་གནས་ཀྱིས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་དཔལ་འབྱོར་ཚོགས་པ་ཁག་གི་རོལ་དབྱངས་དཀྲོལ་གཏོང་བྱས་ཡོད།

ཁོངས་གཏོགས་དཔལ་འབྱོར་ཚོགས་པ་ཁག་གི་འགོ་ཁྲིད་པ་དང་འཐུས་མི། ཁོང་ཚོའི་སྐུ་ཟླ། ཚོགས་འདུར་ཞུགས་མཁན་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་བ་བཅས་གཅིག་རྗེས་གཉིས་མཐུད་ངང་དེ་གར་ཕེབས་འབྱོར་ཟིན་པ་དང་། ས་གདན་དམར་པོའི་ཐོག་མདུན་ཕྱོགས་སུ་ཕེབས་ཡོད།

ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་བསུ་བ་ཞུས་པ་དང་འབྲེལ། ཁོང་རྣམ་པ་དང་མཛའ་བརྩེའི་ངང་ཕྱག་བཏང་གནང་བ་མ་ཟད། དྲན་རྟེན་སྐུ་པར་ཡང་བསྐྱོན་ཡོད།

སྙན་འཇེབས་ལྡན་པའི་མགྲོན་བསུའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་དང་ཕེང་ལི་ཡོན་སྐུ་མགྲོན་ཚོ་དང་ལྷན་དུ་གསོལ་སྟོན་ཁང་ནང་ཕེབས་ཡོད།

ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་སྐབས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་སྐུ་མགྲོན་རྣམ་པ་ཀྲུང་གོར་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པར་ཞུགས་པར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་ཡོད།

ཞི་ཅིན་ཕིང་གིས། ལོ་ངོ་སྟོང་གི་ཀྲུང་གོར་གཟིགས་འདོད་ན་ཞི་ཨན་དུ་ཕེབས་དགོས་པ་དང་། ལོ་ངོ་ལྔ་བརྒྱའི་ཀྲུང་གོར་གཟིགས་འདོད་ན་པེ་ཅིང་དུ་ཕེབས་དགོས་པ། ལོ་ངོ་བརྒྱའི་ཀྲུང་གོར་གཟིགས་འདོད་ན་ཧྲང་ཧའེ་རུ་ཕེབས་དགོས་པ། ལོ་ངོ་ལྔ་བཅུའི་ཀྲུང་གོར་གཟིགས་འདོད་ན་ཧྲེན་ཀྲེན་དུ་ཕེབས་དགོས། སྒོ་དབྱེ་ནི་ཧྲེན་ཀྲེན་ལ་ཐོག་མ་ཉིད་ནས་ཡོད་པའི་གཞི་རྒྱུ་ཡིན་པ་དང་། གསར་གཏོད་ནི་ཧྲེན་ཀྲེན་གྱི་གསོན་ཤུགས་གནས་ས་ཡིན་ཞིང་། མཉམ་ལས་ནི་ཧྲེན་ཀྲེན་གྱི་སྟོབས་ཤུགས་འབྱུང་གནས་ཡིན། ཧྲེན་ཀྲེན་གྱི་གཏམ་རྒྱུད་ནི་ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེའི་བསྡུས་རིས་ཤིག་ཡིན་ལ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་ལེགས་གྲུབ་ལྡན་པའི་དཔེ་མཚོན་ཞིག་ཀྱང་ཡིན་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་བཙུགས་ཚུན། སྒོ་དབྱེ་དང་། གསར་གཏོད། མཉམ་ལས་བཅས་ནི་ཐོག་མཐའ་བར་གསུམ་དུ་དེའི་མངོན་གསལ་དོད་པའི་མཚོན་རྟགས་ཤིག་ཡིན། སི་ཡ་ཐུའུ་རུ་ཐོག་མར་མཉམ་ལས་ཀྱི་འགོ་ཚུགས་པ་ནས་ཡན་ཞི་མཚེའུ་འགྲམ་དུ་ལོ་རྒྱུས་ཀྱི་རྒྱས་འཛོམས་འཚོགས་པའི་བར་དང་། མའོ་ཝུའུ་དམིགས་ཚད་ཀྱི་བརྗིད་ཉམས་ལྡན་པའི་དམ་བཅའ་བཞག་པ་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་མཐུན་ཚོགས་པའི་བརྗིད་ཆེའི་འཆར་གཞི་བཀོད་པའི་བར། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱས་ནས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྣེ་ཁྲིད་བྱེད་པ་དང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གསོན་ཤུགས་ཆེ་ཤོས་ལྡན་པའི་ས་ཁུལ་དང་འཕར་སྣོན་གྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུར་རམ་འདེགས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་ལོའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་ཁུར་ཚུན། གྲོང་ཁྱེར་16ཏུ་ཚོགས་འདུ་དང་བྱེད་སྒོ་ཁག་300ལྷག་ཙམ་གཉེར་ནས། “ཀྲུང་གོའི་ལོ”ལ་གྲུབ་འབྲས་གལ་ཆེན་དེ་བས་མང་བ་ཐོབ་ཆེད་ལེགས་སྐྱེས་ཕུལ་ཡོད། ཚེས་19ཉིན་གྱི་འགོ་ཁྲིད་པའི་ཚོགས་འདུའི་ཐོག་ཕྱོགས་ཁག་དང་ལྷན་དུ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་དང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འཕེལ་རྒྱས་ཀྱི་དོན་ཆེན་མཉམ་དུ་བསྒྲུབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་ནན་སྟོན་གནང་ཡོད།

གསོལ་སྟོན་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་སྐུ་མགྲོན་ཚོ་དང་ལྷན་དུ་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་དང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་ཤེས་དཔལ་ཕན་ཚུན་གཅིག་འོད་གཅིག་འཕྲོ་དང་མཛེས་ཀུན་གཅིག་ཏུ་འདུས་པའི་རྣམ་པར་གཟིགས་ཤིང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་གཅིག་མཐུན་ཚོགས་པའི་གཉིས་ཕན་མཉམ་རྒྱལ་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པའི་ཞི་མཐུན་གྱི་མཉམ་སྒྲོག་རོལ་མོར་མྱོང་རོལ་གནང་ཡོད།

ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥེང་། ཧོང་ཁུན་མིང་། ཝང་ཞའོ་ཧུང་སོགས་བྱེད་སྒོར་ཞུགས་ཡོད།

ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པར་ཞུགས་པར་ཕེབས་པའི་སྐུ་མགྲོན་ལ་དགའ་བསུ་ཞུས།