མཐོ་བརྗིད་གངས་ཀྱི་རི་བོ་མིག་ལ་མཛེས། ཕྱོགས་ཀྱི་མགྲོན་རྣམས་མ་བོས་བཞིན་དུ་འདུ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
ཟུང་ཆུ་རྫོང་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་གསར་འགོད་པ་ཚུལ་ཁྲིམས་རྡོ་རྗེ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡༡ ཚེས་ ༡༩

སྟོན་དགུན་གྱི་མཚམས་སུ། ཟུང་ཆུ་རྫོང་གི་མངའ་ཁོངས་སུ་ཡོད་པའི་ཤར་གྱི་དུང་རི་དཀར་པོ་ནི་བརྗིད་ཉམས་ཆེ་བ་དང་གངས་ཀྱི་ཁ་མདོག་རབ་ཏུ་མཛེས་པས། ཕྱོགས་ཀྱི་ལྗོངས་སྐོར་པ་དག་གི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པར་བྱེད། གངས་རི་མཐོ་ཞིང་བརྗིད་པ་དང་སྤྲིན་གྱི་རྒྱ་མཚོ་ཕང་ཕུང་དུ་འཕྱུར་བ། གཡའ་དག་པའི་ནམ་མཁའ་སྔོ་ཞིང་དྭངས་པ་སོགས་ཉིན་གཅིག་གི་ལྗོངས་སྐོར་ལ་མ་བཅོས་པའི་རང་བྱུང་གི་མཛེས་སྡུག་མང་པོ་ཡིད་སེམས་སུ་ལེན་ཆོག་པར་ཡོད།

ཤར་དུང་རིའི་མདུན་གྱི་ལྗོངས་གཟིགས་སྟེགས་བུར་མི་ཚོགས་མོད་ཅིང་ལྟ་ན་སྡུག་པའི་ལྗོངས་ཁམས་དེ་དག་བརྙན་མིག་ཏུ་བླངས་པ་རྣམས་བརྙན་སྟེགས་སོགས་སྤྱི་ཚོགས་ཀྱི་འབྲེལ་འདྲིས་སྟེགས་བུར་བསྐུར་པ་དག་ལ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ནས་ལྟ་མཁན་ཧ་ཅང་མང་པོ་ཡོད་པར་གྱུར་པ་དང་། ལྗོངས་གཟིགས་སྟེགས་བུ་དེ་ལྗོངས་སྐོར་པ་རྣམས་ཁྲོན་ནུབ་མཐོ་སྒང་དུ་བསྐྱོད་པའི་དམིགས་ས་ལྟ་བུར་གྱུར་པར་མ་ཟད། ཟུང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་གྱི་བྱ་གཞག་ལ་ཚ་རླབས་གསར་པ་ཞིག་འཕྱུར་བར་བྱས།

ལྗོངས་གཟིགས་སྟེགས་བུ་དེ་གསེར་མཚོ་མཛེས་ལྗོངས་ཁུལ་གྱི་ལྟེ་བའི་ས་ཁོངས་དང་རྨིན་ཧྲན་རི་བོའི་རྒྱུད་ཀྱི་དབུས་དཀྱིལ་དུ་ཡོད་ཅིང་། རྒྱང་ཐག་རིང་བོ་ནས་རྨིན་ཧྲན་རི་བོའི་རི་རྩེ་མཐོ་ཤོས་ཤར་དུང་རིར་མཇལ་བའི་གནས་ཡུལ་ཆེས་བཟང་པོ་དེ་ཡིན། གནས་འདིར་མཚོ་འཕགས་སྨི་4008ཟིན་པ་དང་མཐོང་ཁམས་ཡངས་པས་ཕྱོགས་མཚམས་ཀུན་གྱི་རི་བོའི་ཚོགས་ལ་ཐུར་དུ་བལྟ་ཆོག་པར་ཡོད། དུས་བཞིའི་ཁྱད་ཆོས་ལྷག་པར་གསལ་བས། དཔྱིད་ཀྱི་དུས་སུ་གངས་རི་དང་སྤང་ལྗོངས་ལ་བལྟ་ཆོག་པ་དང་། དབྱར་གྱི་དུས་སུ་ཕང་ཕུང་དུ་འཕྱུར་བའི་སྤྲིན་གྱི་རྒྱ་མཚོར་ལྟ་ཆོག་ལ། སྟོན་གྱི་དུས་སུ་རི་ཚོགས་མུ་རུ་སྦྲེལ་བའི་བར་ནས་དཀར་གསལ་གྱི་ཟླ་བ་གོང་ནས་གོང་དུ་འཕགས་པར་བལྟ་ཆོག །དགུན་གྱི་དུས་སུ་མཐོ་བརྗིད་ཀྱི་གངས་རི་ལྷག་པར་མིག་ལ་མཛེས་ཤིང་རི་ཚོགས་ལ་དངུལ་དཀར་གྱི་སྟོད་ལྭ་བགོས་པར་མིག་དབང་གཡར་ཆོག །དེ་མིན་གནམ་གཤིས་ཤིན་ཏུ་དྭངས་པའི་སྐབས་སུ་ལྗོངས་སྐོར་པ་དག་གིས་ད་དུང་“ཉི་འོད་གངས་ལ་ཕོག་པའི”ངོ་མཚར་གྱི་ལྟད་མོར་གཟིགས་ཆོག

ཉེ་བའི་ལོ་འགའ་ནས་བཟུང་། ཁྲོན་མཚོ་ལྕགས་ལམ་ལམ་ཐིག་ཡོངས་རྫོགས་ཤར་གཏོང་ཐུབ་པ་དང་ཁྲོན་ནུབ་རྒྱུད་ཀྱི་ལམ་དྲྭ་རྒྱུན་མཐུད་འཐུས་ཚང་དུ་ཕྱིན་པ་དང་སྦྲགས། ཞིང་ཆེན་ཕྱི་ནང་གི་ལྗོངས་སྐོར་པ་དག་གིས་གནས་འདིའི་མིང་སྙན་ཐོས་ནས་ཕེབས་བཞིན་འདུག །ཉིན་མོར་གངས་རི་དང་སྤྲིན་གྱི་རྒྱ་མཚོར་བལྟ་བ་དང་མཚན་མོར་མཐོ་སྒང་གི་སྐར་ཚོགས་ལམ་ལམ་དུ་བཀྲ་བར་བལྟ་བ་སོགས་ཏེ། ལྗོངས་གཟིགས་སྟེགས་བུ་འདི་ཉིད་ལྟ་སྐོར་ཆིག་རྐྱང་བ་ནས་གངས་ཀྱི་མཛེས་ལྗོངས་ལ་བལྟ་བ་དང་སྤྲིན་གྱི་མཚོར་འཇུག་པ། སྐར་ཚོགས་ཀྱིས་བརྒྱན་པའི་ནམ་མཁའ་བརྙན་མིག་ཏུ་ལེན་པ། མཐོ་སྒང་གི་སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་མཉམ་འདུས་རང་བཞིན་ཅན་གྱི་ལྗོངས་སྐོར་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

གོམ་སྟབས་རྗེས་མར། ཟུང་ཆུ་རྫོང་གིས་གངས་རིའི་རྒྱུད་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ་དང་། གངས་རི་དང་སྤྲིན་གྱི་རྒྱ་མཚོ། སྐར་མའི་ཚོགས་སོགས་ཀྱི་ཁྱད་ལྡན་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་རིག་གནས་ཡུལ་སྐོར་གྱི་ལས་རིགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་IPགཏོད་པ་བཅས་བྱས་ཏེ། ཁོངས་ཡོངས་རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་འདུག་གོ།