ད་ལོའི་རྒྱལ་རོང་མཛེས་འདེམ་འགྲན་སྡུར་ཁྲོད་ཀྱི་མཛེས་མ་འདི་དག་རེད།

ཡོང་ཁུངས། དཀར་མཛེས་གཏོང་སྦྱོར་ལྟེ་གནས།
གསར་འགོད་པ། ཨོ་རྒྱན།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡༡ ཚེས་ ༡༨

ཉེ་ཆར། གནས་མཆོག་དཀར་མཛེས་ལ།། འཛོམ་པའི་ཁ་ཆད་ཡོད།། རོང་བྲག་སྟོན་ལྗོངས་ལ།། མཛེས་མའི་བཞིན་བཟང་ངོམས།། ཞེས་པའི2026ལོའི་ཤར་རྒྱལ་མོ་ཚ་བ་རོང་གི་རིག་གནས་དུས་ཆེན་ལས་མཛེས་འདེམ་འགྲན་སྡུར་ཆེན་མོའི་རྟིང་རྩོད་འགྲན་སྡུར་རོང་བྲག་རྫོང་ཤར་ཕྱོགས་མོ་བཟའ་རྒྱལ་མོའི་ཐང་ཆེན་དུ་མཇུག་བསྒྲིལ། འགྲན་ཞུགས་མ30འགྲན་སྡུར་རིམ་པ་སོ་སོ་ནས་བདམས་ཐོན་བྱུང་བ་ཡིན་ལ། གོས་རྒྱན་རྟེན་གཞི་དང་རིག་གནས་སྙིང་བཅུད། སྐད་ཆའི་ཉམས་འགྱུར་བཅས་གཙོ་བོར་བཟུང་ནས་ཤར་རྒྱལ་མོ་ཚ་བ་རོང་གི་རིག་གནས་ཁྱད་ཆོས་གསོན་ཉམས་དོད་པོས་མངོན་པར་བསྟན་པ་དང་། རྒྱ་ཆེའི་ལྟད་མོ་བར་རྔམ་མཐུག་པའི་མི་རིགས་རིག་གནས་དང་ཀྲུང་ཧྭའི་མཛེས་དཔྱོད། དུས་རབས་ཀྱི་རྣམ་པ་བཅས་མཉམ་དུ་འཛོམས་པའི་ཡུལ་སྐོར་གྱི་དགའ་སྟོན་ཆེན་མོ་ཞིག་བཤམས་པ་རེད།

རྟིང་རྩོད་འགྲན་སྡུར་དུ“མན་ཕྱུ་རྒྱལ་རྣམ་ཤོམ་སྟོན”དང་།“བོད་གོས་གསར་པའི་ཤོམ་སྟོན”“རྒྱལ་རོང་སྲོལ་རྒྱུན་གོས་རྒྱན་འགྲེམ་སྟོན་དང་རོང་བྲག་མཛེས་རིག་འོས་སྦྱོར”བཅས་ཚན་པ་གསུམ་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ཕྱོགས་མང་པོ་ནས་འགྲན་ཞུགས་མའི་ཕྱོགས་བསྡུས་བྱང་ཚད་དང་རིག་གནས་གོ་རྟོགས་ལ་ཚོད་ལྟ་བྱས།“མན་ཕྱུ་རྒྱལ་རྣམ་ཤོམ་སྟོན”གྱི་སྐབས་སུ། འགྲན་ཞུགས་མཛེས་མ་ཚོས་ཤར་ཕྱོགས་མཛེས་རིག་གཙོ་བོར་བཟུང་ནས། རྒྱལ་ཁབ་ཀྱི་ཉམས་འགྱུར་བཟང་པོ་དང་རྒྱལ་རོང་བུད་མེད་ཀྱི་སྐྱེ་གཟུགས་མཐོན་པོ་གཉིས་ཟུང་འབྲེལ་གྱིས་ཀྲུང་ཧྭའི་ཐུན་མོང་མ་ཡིན་པའི་མཛེས་སྡུག་མངོན་པར་བྱས།“བོད་གོས་གསར་པའི་ཤོམ་སྟོན”ནི་སྲོལ་རྒྱུན་གྱི་མཚམས་ལས་བརྒལ་ཏེ་དེང་རབས་ཇུས་འགོད་གྱིས་མི་རིགས་ཀྱི་གྱོན་པ་བསྐྱར་བཟོ་བྱས་པ་བརྒྱུད་རྒྱལ་རོང་རིག་གནས་གསར་གཏོད་ལ་གསོན་ཤུགས་གསར་པ་སྦྱིན།“རྒྱལ་རོང་སྲོལ་རྒྱུན་གྱོན་ཆས་འགྲེམ་སྟོན་དང་རོང་བྲག་མཛེས་རིག་འོས་སྦྱོར”ནི་རིག་གནས་ལ་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་པ་ཞིག་ཡིན་ཞིང་། འགྲན་ཞུགས་མ་རྣམས་ཀྱིས་སྐར་ཆ90ཡི་ནང་དུ་གྱོན་ཆས་འགྲེམ་སྟོན་དང་རོང་བྲག་མཛེས་རིག་འོས་སྦྱོར་ལེགས་འགྲུབ་བྱས་པ་དང་། གོས་རྒྱན་དང་མཁར་རྫོང་གི་གཏམ་རྒྱུད་ཕན་ཚུན་འདྲེས་པར་བྱས་པས་ལོ་ངོ་སྟོང་གི་ཤེས་དཔལ་དང་དུས་རབས་གསར་པའི་ཚེ་སྲོག་མཉམ་དུ་མངོན་པར་བྱས། འགྲན་སྡུར་ཧྲིལ་པོར་རྒྱལ་རོང་བུ་མོ་རི་ཀླུང་ཁྲོད་དུ་རང་དབང་ངང་འཚར་ལོངས་བྱུང་བ་ནས་སྲོལ་རྒྱུན་སློབ་སྦྱོང་དང་འཚོལ་ཞིབ་གསར་གཏོད་བར་གྱི་འཚར་ལོངས་ལམ་བུ་ཆ་ཚང་མཚོན་ཡོད་པའོ།།

འགྲན་སྡུར་དྲག་པོ་བྱས་པ་བརྒྱུད་ཤེས་རབ་ལྷ་མོ་ཡིས་ཐེངས་འདིའི་འགྲན་ཞུགས་མ་ཡོངས་ལས་རྣམ་པར་རྒྱལ་ཏེ་གསེར་གྱི་མེ་ཏོག་རྟགས་མའི་བྱ་དགའ་བླངས། བསོད་ནམས་ལྷ་མོ་དང་ཡེ་ཤེས་སྒྲོལ་མ་གཉིས་ལ་དངུལ་གྱི་མེ་ཏོག་རྟགས་མའི་བྱ་དགའ་ཐོབ། ལྷ་མོ་དང་སྒྲོལ་མ་ཆོས་མཚོ། དབྱང་ཞའེ་ཅིང་གསུམ་ལ་སེའུ་འབྲུ་མེ་ཏོག་རྟགས་མའི་བྱ་དགའ་ཐོབ། བསོད་ནམས་ལྷ་མོ་ལ་མི་གཡང་བྱ་དགའ་དང་བརྙན་མིག་ཁྲོད་ཀྱི་མཛེས་མའི་བྱ་དགའ་ཐོབ། ཡེ་ཤེས་སྒྲོལ་མ་ལ་འཁྲབ་སྟོན་མ་ལེགས་ཤོས་ཀྱི་བྱ་དགའ་ཐོབ། བྱ་དགའ་ཐོབ་མཁན་གྱི་མཛེས་མ་འདི་ཚོར་རོང་བྲག་རིག་གནས་ཡུལ་སྐོར་དྲིལ་སྒྲོག་ཕོ་ཉ་བྱ་རྒྱུའི་གོ་སྐབས་ཡོད་པར་མ་ཟད། རོང་བྲག་རིག་གནས་ཡུལ་སྐོར་ཤེས་ལྡན་མི་སྣའི་མཛོད་དུ་འཇུག་རྒྱུ་རེད།

རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་མཛེས་མ་ལུང་པའི་མཛེས་འདེམ་འགྲན་སྡུར་འདི་ནི"རིག་གནས་ཀྱིས་ཡུལ་སྐོར་ལ་ནུས་པ་སྤྲོད། ཡུལ་སྐོར་གྱིས་རིག་གནས་ལ་གསོན་ཤུགས་བསྩལ"བའི་འདུ་ཤེས་ལག་ལེན་དངོས་སུ་བསྟར་བ་ཞིག་ཡིན། རོང་བྲག་རྫོང་གིས་མུ་མཐུད་དེ“མཛེས་མ་དང་ཡུལ་སྐོར“ཟུང་འབྲེལ་གྱི་ཐབས་ལམ་བརྒྱུད་དེ། དམངས་སྲོལ་མྱོང་རོལ་དང་སྐྱེ་ཁམས་ལྟ་སྐོར་སོགས་ཡུལ་སྐོར་ལས་རིགས་གསར་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་། མཁར་རྫོང་དང་བོད་གྲོང་གི་ལྗོངས་ཁུལ་གྱི་ཚོང་རྟགས་མུ་མཐུད་དེ་གསལ་བར་བྱ་རྒྱུ་ཡིན་ཞེས་བཤད།།