གཞས་མ་ལྷ་སྐྱིད་དགེ་སློབ་ཀྱི་གླུ་གཞས་ཆེད་ཚོགས་སྐབས་གསུམ་པ་འཚོགས།

ཟླ་༡༡པའི་ཚེས་༡༣ཉིན་གྱི་དགོང་མོར། གཞས་མ་ལྷ་སྐྱིད་དགེ་སློབ་ཀྱི་གླུ་གཞས་ཆེད་ཚོགས་《དབྱངས་ལ་བརྒྱུས་པའི་བླ་སྲོག》ཅེས་པ་འདི་ནི་ཁྲེང་ཏུའུ་སྤོས་ངད་ལྡན་པའི་གྲོང་ཁྱེར་གྱི་ཁམས་པའི་བརྙན་འཕྲིན་ཁང་དུ་འཚོགས།
གླུ་གཞས་ཆེད་ཚོགས་འདི་ནི་ནས་ཁུར་བུ་མོ་གཞས་མ་ལྷ་སྐྱིད་ཀྱིས་གཙོ་བོ་དུས་ཡུན་རིང་བོར་རྗེས་སུ་བཟུང་ནས་བརྩེ་བས་བསྐྱངས་པའི་སློབ་མ་རྣམས་ལ་གླུ་གཞས་སྒྱུ་རྩལ་གྱི་གར་སྟེགས་ཡངས་པོ་ཞིག་བསྐྲུན་པ་དང་། ཁོ་ཚོས་ལོ་ངོ་མང་པོར་དཔུང་བ་མཉམ་གཤིབ་དང་རྡོག་རྩ་གཅིག་སྒྲིལ་གྱིས་གླུ་གཞས་སྒྱུ་རྩལ་ལ་ཤ་ཐང་རུས་ཐང་གིས་འབད་པ་བྱས་པའི་གྲུབ་འབྲས་དེ་བོད་ཀྱི་གླུ་གཞས་སྒྱུ་རྩལ་ལ་དུང་བ་ཟབ་ཅིང་། གཞས་མ་ལྷ་སྐྱིད་ལ་དགའ་ཞེན་ཆེ་བའི་གཟིགས་མོ་བ་ཡོངས་ཀྱི་འདྲེན་བྱེད་མིག་གི་དགའ་སྟོན་དང་དར་ལུང་རྣ་བའི་བདུད་རྩི་རུ་འགྱུར་བའི་ལྷག་བསམ་གཙང་མ་ཞིག་ཡིད་ལ་བཅངས་ནས་དགེ་སློབ་དགྱེས་འཛོམས་ཀྱི་མཆོད་སྤྲིན་དབྱངས་ལ་བཀུགས་པ་རེད།

ཐེངས་འདིའི་གླུ་གཞས་ཆེད་ཚོགས་འདི་ལ་མཚོན་ན། གཞས་མ་ལྷ་སྐྱིད་དང་ཁོང་གི་སློབ་མ་ཚོས་རང་རང་སོ་སོའི་སྐད་ངག་གི་ཁྱད་ཆོས་རྩལ་དུ་འདོན་ཆེད་གླུ་གཞས་ཀྱི་ཕྱོགས་ནས་སྦྱངས་པ་གང་ལེགས་བྱས་ཡོད་པར་མ་ཟད། ད་དུང་རམ་འདེགས་ཀྱི་རོལ་དབྱངས་ཀྱང་སློབ་མ་ཚོ་ཡུལ་ཕྱོགས་སོ་སོ་ལ་མངགས་ནས་ཆེད་དུ་སྦྱངས་པ་བྱས་པས་རང་དཀྲོལ་རང་ལེན་གྱི་ཁྱད་ཆོས་མངོན་པར་གསལ་ཞིང་། ཁྱད་པར་དུ་གླུ་གཞས་ཀྱི་ཕྱོགས་ནས་གནའ་དེང་ཟུང་འབྲེལ་གྱི་དགེ་མཚན་གཅིག་ཏུ་བསྡུས་ཏེ། མངའ་རིས་ཀྱི་དམངས་གཞས་དང་། ཨ་མདོའི་དཀྲོལ་ལེན། ཁམས་ཀྱི་འབའ་གཞས། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ངག་སོགས་མེས་པོ་དབྱངས་དང་ངག་གི་བླ་སྲོག་མ་ཉམས་པའི་སྲོལ་རྒྱུན་གྱི་གླུ་གཞས་དང་། ཕ་མའི་དྲན་གླུ་དང་ཕ་ཡུལ་ལ་བསྟོད་པ་ལྟ་བུའི་དུས་ཀྱི་ཁྱད་ཆོས་འབུར་དུ་དོད་པའི་དེང་རབས་གླུ་གཞས་སོགས་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པའི་གླུ་གཞས་ཆེད་ཚོགས་ཤིག་མིག་གི་དཔྱིད་དང་རྣ་བའི་གསོས་སུ་ཕུལ་བ་རེད།

དེ་མིན་གཞས་མ་ལྷ་སྐྱིད་ལ་དྲིན་ཆེ་བའི་དཀྲོལ་ལེན་གྱི་དགེ་རྒན་རྡོ་རེད་དང་། ནང་མ་དང་སྟོད་གཞས་ཀྱི་དགེ་རྒན་བཀྲ་ཤིས་རྡོ་རྗེ། འབའ་གཞས་ཀྱི་དགེ་རྒན་སྐལ་བཟང་ནོར་བུ་སོགས་ཡུལ་དངོས་ལ་ཕེབས་ནས་གཞས་མ་ལྷ་སྐྱིད་དགེ་སློབ་ཡོངས་ལ་གླུ་དང་ངག་གི་མཆོད་པ་ཕུལ་ཞིང་། གཞན་ཡང་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གླུ་གར་ཚོགས་པས་གར་གྱི་སྟངས་སྟབས་བརྒྱུད་ནས་གླུ་གཞས་ཆེད་ཚོགས་ལ་གར་གྱིས་རམ་འདེགས་བྱས་ལ། ད་དུང་གཞས་མ་ལྷ་སྐྱིད་དང་ཡུན་རིང་འདྲིས་ཤིང་འགྲོགས་པའི་གླུ་མ་གླུ་པ་དང་གྲོགས་པོ་གྲོགས་མོ་མང་པོ་ཞིག་ཡུལ་དངོས་ལ་ཕེབས་ནས་དགེ་སློབ་ལྷན་འཛོམས་ཀྱི་གླུ་གཞས་ཆེད་ཚོགས་འདི་བདེ་བླག་ངང་སྤེལ་བར་རྟེན་འབྲེལ་ཞུས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། གཞས་མ་ལྷ་སྐྱིད་ཀྱིས་སྔ་རྗེས་སུ་ནས་ཁུར་བུ་མོ་དང་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཞེས་པ་སོགས་ཀྱི་དགེ་སློབ་གླུ་གཞས་ཆེད་ཚོགས་སྐབས་གཉིས་ལ་འཚོགས་ནས་རྒྱ་ཆེའི་ལྟད་མོ་བ་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཅིང་ཀུན་ལ་བག་ཆགས་ཟབ་མོ་བཞག་ཡོད། ཐེངས་འདིའི་དབྱངས་ལ་བརྒྱུས་པའི་བླ་སྲོག་ཅེས་པའི་གླུ་གཞས་ཆེད་ཚོགས་འདི་ནི་གཞས་མ་ལྷ་སྐྱིད་དགེ་སློབ་ཀྱི་གླུ་གཞས་ཆེད་ཚོགས་སྐབས་གསུམ་པ་ཡིན་ལ། ངེད་ཁམས་པའི་བརྙན་འཕྲིན་ཁང་གི་དྲ་ལམ་སོ་སོ་བརྒྱུད་ནས་ཐད་གཏོང་བྱས་པ་ན། རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་འབུམ་ཕྲག་དུ་མས་གླུ་གཞས་ཆེད་ཚོགས་འདི་ལ་དོ་ཁུར་བྱས་ནས་དགའ་བསུ་ཆེན་པོ་ཐོབ་པ་རེད།

ཕ་ཡུལ་དབལ་ཤུལ་གསེར་རྟ་ནས་ཚེ་སྲོག་གི་ལྟེ་ཕྲག་འཕོས་ཤིང་མེས་པོའི་དབྱངས་རྟ་ངག་ལ་དྲངས་ནས་ལང་ཚོའི་མེ་ཏོག་གི་འདབ་མ་རྒྱས་པ་ནས་བཟུང་། ནས་ཁུར་བུ་མོ་ཞེས་སྙན་ཞིང་འཇེབས་པའི་གླུ་གཞས་ཀྱི་མཆོད་པ་རེ་རེ་གངས་རིའི་ལྗོངས་ལ་སྐྱེས་སུ་ཕུལ་ནས་སྙན་པའི་གྲགས་པ་ཕྱོགས་སུ་རྒྱས་པའི་གཞས་མ་ལྷ་སྐྱིད་ལ་མཚོན་ན། ནམ་རྒྱུན་བོད་ཀྱི་གླུ་གཞས་སྒྱུ་རྩལ་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལྷག་བསམ་གཙང་མ་དང་འགན་འཁྲིའི་འདུ་ཤེས་ཟབ་མོ་ཞིག་ཡིད་ལ་བཅངས་ནས་སྟོད་ཀྱི་མངའ་རིས་དམངས་གཞས་དང་། བར་གྱི་ཁམས་པའི་འབའ་གཞས། སྨད་ཀྱི་ཨ་མདོའི་དཀྲོལ་ལེན་སོགས་གངས་ཅན་གླུ་གཞས་སྒྱུ་རྩལ་གྱི་དཀྲོལ་རྡུང་ལེན་གསུམ་ལ་སྦྱངས་པ་གང་ལེགས་བྱས་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་མ་ཟད། གླུ་གཞས་སྒྱུ་རྩལ་གྱི་ལམ་ཁར་གསར་དུ་ཞུགས་པའི་བོད་པའི་གཞས་མ་ཆུང་ཆུང་སྐོར་ཞིག་བརྩེ་བས་བསྐྱངས་ནས་རིམ་གྱིས་འཚར་ལོངས་འབྱུང་བཞིན་ཡོད་པས། འདི་ནི་གངས་ཅན་གླུ་གཞས་སྒྱུ་རྩལ་གོང་ནས་གོང་དུ་འཕེལ་བའི་སྟོབས་ཤུགས་གསར་པ་ཞིག་ཏུ་འགྱུར་བའི་རེ་བ་དང་ཡིད་ཆེས་ཡོད་ལ། རྟེན་འབྲེལ་དང་སྨོན་འདུན་ཡང་ཞུ།
