སྐུ་ཞབས་སུན་ཀྲུང་ཧྲན་སྐུ་བལྟམས་ནས་ལོ་ངོ་160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། བདེ་ལྷ་མོ། པ་སངས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡༡ ཚེས་ ༡༣

སྐུ་ཞབས་སུན་ཀྲུང་ཧྲན་སྐུ་བལྟམས་ནས་ལོ་ངོ་160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས།

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ལི་ཆང་དང་ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཚོགས་ཆེན་ལ་ཞུགས་པ་དང་། ཝང་ཧུའུ་ཉིང་གིས་ཚོགས་ཆེན་གཙོ་སྐྱོང་གནང་།

སྐུ་ཞབས་སུན་ཀྲུང་ཧྲན་སྐུ་བལྟམས་ནས་ལོ་ངོ་160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཚེས་12ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱབ་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། ཁོང་གིས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ནས་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཐོག སྐུ་ཞབས་སུན་ཀྲུང་ཧྲན་གྱི་ཐུགས་འདུན་རྒྱུན་འཛིན་གྱིས། སེམས་མཐུན་རོགས་ལས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་གྱུར་ཡོང་བར་བྱེད་པ་དང་། ཉེ་རབས་ཚུན་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱིས་རེ་སྙེག་ཆེན་པོ་བྱེད་པའི་ཕུགས་འདུན་རླབས་པོ་ཆེ་དེ་རྒྱུན་ཆད་མེད་པར་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཚོགས་ཆེན་ལ་ཞུགས་པ་རེད།

མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ནང་བརྗིད་ཉམས་ལྡན་པའི་རྣམ་པས་ཕྱུག ཀྲུའུ་ཞི་སྟེགས་བུའི་ཐོད་དུ“སྐུ་ཞབས་སུན་ཀྲུང་ཧྲན་སྐུ་བལྟམས་ནས་ལོ་ངོ་160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན”ཞེས་འཁོད་པའི་ཚོགས་རྟགས་བཀལ་ཡོད་པ་དང་། དེའི་རྒྱབ་ཡོལ་གྱི་དབུས་སུ་སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྐུ་པར་དང་འོག་ཏུ་“1866-2026”ཞེས་པའི་ཨང་རྟགས་བཀོད་ཡོད་ཅིང་། དར་དམར་10གཞོགས་གཉིས་སུ་བསྒྲིགས་ཡོད།

སྔ་དྲོའི་ཆུ་ཚོད་10པར་ཚོགས་ཆེན་འགོ་ཚུགས་པ་རེད། ཚང་མ་ཡར་བཞེངས་ནས་རྒྱལ་གླུ་མཐོན་པོར་བླངས་ཡོད།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། སྐུ་ཞབས་སུན་ཀྲུང་ཧྲན་ནི་རླབས་ཆེ་བའི་མི་རིགས་ཀྱི་དཔའ་བོ་དང་། རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ། ཀྲུང་གོའི་དམངས་གཙོ་གསར་བརྗེའི་རླབས་ཆེ་བའི་སྔོན་བྱོན་པ་བཅས་ཡིན་ཞིང་། ཁོང་གིས་ཀྲུང་གོར་བསྒྱུར་བཀོད་གནང་ཆེད་སྐུ་ཚེ་ཧྲིལ་པོར་འབད་འཐབ་གནང་བ་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཕུལ་གནང་བས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་སྙིང་དབུས་ནས་གུས་བཀུར་ཞུ་ཡི་ཡོད་ཅེས་གསུངས་འདུག

ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་མི་ནི་སྐུ་ཞབས་སུན་ཀྲུང་ཧྲན་གྱི་གསར་བརྗེའི་བྱ་གཞག་གི་ཆེས་འགྱུར་མེད་ཀྱི་རྒྱབ་སྐྱོར་པ་དང་། ཆེས་བློ་དཀར་གྱི་མཉམ་ལས་པ། ཆེས་རྣམ་དག་གི་རྒྱུན་འཛིན་པ་བཅས་ཡིན། ལོ་ངོ་100ལྷག་ཙམ་རིང་རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་གྲུབ་འབྲས་རླབས་པོ་ཆེ་གསར་གཏོད་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཐོག་གི་ཆེས་རྔམ་བརྗིད་ཆེ་བའི་ལེའུ་དེ་བརྩམས་ཡོད། དེ་དག་གིས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྐུ་དྲིན་ཡོངས་སུ་གསོ་ཐུབ་ཅེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ལོ་ངོ་100ལྷག་ཙམ་རིང་སྐུ་ཞབས་སུན་ཀྲུང་ཧྲན་གྱི “ཀྲུང་ཧྭ་དར་རྒྱས”ཞེས་པའི་འབོད་ཚིག་གིས་ཀྲུང་གོ་བ་མི་རབས་ནས་མི་རབས་བར་ལ་སྐུལ་མ་ཐེབས་ཡོད་པ་དང་། དེར་དུས་རབས་ཀྱི་དོན་སྙིང་དང་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྩལ་ཡོད། ད་ཆ་ང་ཚོས་སྐུ་ཞབས་སུན་ཀྲུང་ཧྲན་ལ་དྲན་གསོ་ཞུ་སྟངས་ཡག་ཤོས་ནི་ཁོང་གི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་པར་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་རྒྱུ་དེ་རེད་ཅེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྐུ་ཚེ་ཧྲིལ་པོར་རྒྱལ་གཅེས་རྒྱལ་སྐྱོབ་མཛད་ཡོད་པས། ང་ཚོས་ཁོང་གི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་པར། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པར་བྱེད་དགོས། རྒྱང་ལམ་གསར་པའི་ཐོག ང་ཚོས་རྒྱལ་ཁབ་ལ་དགའ་ཞེན་བྱ་རྒྱུ་དང་། ཏང་ལ་དགའ་ཞེན་བྱ་རྒྱུ། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བྱ་རྒྱུ་བཅས་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཁྱོན་ཡོངས་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འདུ་ཤེས་བརྟན་དུ་གཏོང་བར་སྐུལ་སློང་བྱས་ཏེ། མཉམ་དུ་རླབས་ཆེན་མེས་རྒྱལ་འདི་ཉིད་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྐུ་ཚེ་ཧྲིལ་པོར་དམངས་རྣམས་ཐུགས་ལ་བཞག་གནང་ཡོད་པས། ང་ཚོས་ཁོང་གི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་པར། ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱང་ལམ་གསར་པའི་ཐོག ང་ཚོས་རྒྱལ་སྲིད་ནི་མི་དམངས་ཡིན་ལ་མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་ངེས་ནས། མི་དམངས་ཀྱི་ལངས་ཕྱོགས་ཐོག་བརྟན་པོར་ལངས་པ་དང་། མི་དམངས་ཀྱི་རེ་འདུན་ཁོང་དུ་ཆུད་པར་བྱེད་པ། མི་དམངས་ཀྱི་གསར་གཏོད་ལ་བརྩི་འཇོག་བྱེད་པ། མི་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་བཅས་བྱས་ཏེ། མིའི་ཁྱོན་ཡོངས་གོང་འཕེལ་དང་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྐུ་ཚེ་ཧྲིལ་པོར་བདེན་དོན་དོན་གཉེར་གནང་ཡོད་པས། ང་ཚོས་ཁོང་གི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་པར། “ཟུང་འབྲེལ་གཉིས”མཐའ་འཁྱོངས་དང་། ལག་ལེན་རྨང་གཞིར་བྱས་པའི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རྒྱང་ལམ་གསར་པའི་ཐོག ང་ཚོས་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་ཅིང་། ཀྲུང་གོའི་དྲི་བ་དང་འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་འདེབས་དགོས་པ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྐུ་ཚེ་ཧྲིལ་པོར་དཀའ་ངལ་ཇི་ཙམ་འཕྲད་ཀྱང་མགོ་བོ་གཏན་ནས་སྒུར་མྱོང་མེད་པས། ང་ཚོས་ཁོང་གི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་རྒྱུན་འཛིན།དར་སྤེལ་བཅས་བྱེད་པར། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་དང་། དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་དགོས། རྒྱང་ལམ་གསར་པའི་ཐོག ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་གཅིག་གྱུར་འཆར་འགོད་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་ཉེན་ཁ་དང་འགྲན་སློང་ཆེན་པོ་དང་ཐ་ན་ཉམས་སད་ཤིན་ཏུ་ཆེན་པོ་ཐེག་ཐུབ་པ་བྱ་རྒྱུའི་གྲ་སྒྲིག་བྱེད་པ། ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བཅས་བྱས་ཏེ། རྒྱུན་ཆད་མེད་པར་དུས་རབས་གསར་པའི་རླབས་ཆེའི་འཐབ་རྩོད་ཀྱི་རྒྱལ་ཁ་གསར་པ་ལེན་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྐུ་ཚེ་ཧྲིལ་པོར་མཐུན་སྒྲིལ་དར་སྤེལ་བཏང་གནང་བས། ང་ཚོས་ཁོང་གི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་པར། འཐབ་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མཐུན་སྒྲིལ་ཆེན་པོ་རྒྱུན་མཐུད་སྲ་བརྟན་དང་འཕེལ་རྒྱལ་གཏོང་དགོས། རྒྱང་ལམ་གསར་པའི་ཐོག ང་ཚོས་མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ་དང་། སྐུལ་སློང་བྱེད་ཆོག་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱས་ནས། སྲིད་ཏང་གི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། བང་རིམ་གྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྐུ་ཚེ་ཧྲིལ་པོར་གནམ་འོག་ཀུན་ཐུགས་ལ་བཅངས་བས། ང་ཚོས་ཁོང་གི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་པར། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། རྒྱང་ལམ་གསར་པའི་ཐོག ང་ཚོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་མིག་རྒྱང་ཐོག་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་ཁུར་བྱེད་པ་དང་། མིའི་རིགས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོ་དང་། འཛམ་གླིང་འགྱུར་ལྡོག་གི་གནས་སྟངས་ཆེན་པོ། ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཆེན་པོ་བཅས་ཀྱི་ཐོག་ནས་འཛམ་གླིང་ཕྱི་རོལ་བར་གྱི་འབྲེལ་བར་ངོས་འཛིན་དང་དེ་ཐག་གཅོད་ཡང་དག་བྱེད་པ། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ཀྲུང་གོའི་ལེགས་སྐྱེས་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་གནང་བ་དང་། རྒྱལ་ཁབ་ཁ་ཕྲལ་དང་མི་རིགས་ཁ་ཕྲལ་གཏོང་བའི་གཏམ་བརྗོད་དང་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་གནང་ཡོད། ཁོང་གིས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་བཅངས་པའི་འདུན་པ་དྲག་པོ་དང་བློ་རྩ་བརྟན་པོ་དེས་ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་དུས་རྟག་ཏུ་བློ་སྒོ་འབྱེད་པ་དང་། སློབ་གསོ་དང་སྐུལ་མ་ཐེབས་བཞིན་ཡོད། ཐའེ་ཝན་གྱི་གནད་དོན་ཐག་གཅོད་དང་མེས་རྒྱལ་རྦད་དེ་གོང་བུ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བློ་བརྟན་འགྱུར་མེད་ཀྱི་ལོ་རྒྱུས་ཀྱི་ལས་འགན་ཡིན་པ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡང་ཡིན། མཚོ་འགག་གཡས་གཡོན་གཉིས་པོའི་སྤུན་ཟླ་དང་དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ལག་གདང་སྦྲེལ་ནས། ཐུན་མོང་ཐོག“ཐའེ་ཝན་རང་བཙན”ཟེར་བའི་ཁ་ཕྲལ་སྟོབས་ཤུགས་ལ་ངོ་རྒོལ་བྱེད་པ་དང་། ཐུན་མོང་ཐོག་མཚོ་འགག་གཡས་གཡོན་གཉིས་པོའི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བ་དང་མེས་རྒྱལ་རྦད་དེ་གོང་བུ་གཅིག་གྱུར་ཡོང་ཆེད་འབད་བརྩོན་བྱེད་དགོས་ཞེས་བསྟན་གནང་ཡོད།

ཝང་ཧུའུ་ཉིང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་མི་རིགས་རང་བཙན་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་སྐྱིད་བཅས་ཡོང་ཆེད་མཛད་རྗེས་བླ་ན་མེད་པ་བཞག་གནང་བར་རྗེས་དྲན་ཟབ་མོ་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་ཐུགས་འདུན་རྒྱུན་འཛིན་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་འབད་འབུངས་ལྷོད་མེད་ངང་རླབས་ཆེའི་གྲུབ་འབྲས་བཏོད་པར་ཕྱིར་དྲན་དང་ཕྱོགས་བསྡོམས་གནང་བ། སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱས་ནས། ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ། མཚོ་འགག་གཡས་གཡོན་གཉིས་པོའི་སྤུན་ཟླ་དང་དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོས་མཚོ་འགག་གཡས་གཡོན་གཉིས་པོའི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་དང་མེས་རྒྱལ་རྦད་དེ་གོང་བུ་གཅིག་གྱུར་ཡོང་ཆེད་འབད་བརྩོན་བྱེད་དགོས་པའི་རེ་འབོད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་གལ་ཆེན་ལྡན་ཡོད་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་སེམས་པ་གཅིག་ཏུ་ཕྱོགས་པ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱེད་པ་བཅས་ཀྱི་མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས་ཞེས་གསུངས་ཡོད།

པེ་ཅིང་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཚོགས་ཆེན་ལ་ཞུགས་ཡོད།

ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་ཚན་པ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། དེ་བཞིན་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་དུ་བཞུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག པེ་ཅིང་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུད་དང་ཨུ་ཡོན་ཁག་གཅིག མི་རིགས་དང་ཆོས་ལུགས་ལས་རིགས་དང་དེ་བཞིན་འབྲེལ་ཡོད་སྤྱི་ཚོགས་ཚོགས་སྤྱིའི་འཐུས་མི། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉ་ཁག་གཅིག སྐུ་ཞབས་སུན་ཀྲུང་ཧྲན་གྱི་གཉེན་ཉེའི་འཐུས་མི། ཀང་ཨའོ་ཐའེ་ཡི་འབྲེལ་ཡོད་མི་སྣའི་འཐུས་མི་དང་དེ་བཞིན་ཕྱི་རྒྱལ་གྱི་སྐུ་མགྲོན། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི། པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་སོགས་མི་3000ཙམ་ཚོགས་ཆེན་ལ་ཞུགས་ཡོད།

དྲན་གསོའི་ཚོགས་ཆེན་མ་འཚོགས་གོང་། ཞི་ཅིན་ཕིང་སོགས་ཀྱིས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་གཉེན་ཉེ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་འཐུས་མིར་བྱམས་བརྩེའི་ཐུག་འཕྲད་གནང་ཡོད་པ་རེད།