དྲ་བའི་དཀྲོག་གཏམ་འདི་རིགས་ལ་རྡུང་རྡེག་ནན་པོ་གཏང་རྒྱུ་རེད།
ཚན་ཁྱབ་བདེ་ཐང་ཁྱབ་ཁོངས་ཀྱི་དྲ་བའི་དཀྲོག་གཏམ་གྱི་གནད་དོན་མངོན་གསལ་དོད་པོར་བཅོས་སྐྱོང་བྱ་རྒྱུར་སྔར་བས་ཤུགས་རྒྱག་ཆེད། ཉེ་ཆར། ཀྲུང་དབྱང་དྲྭ་འཕྲིན་གཞུང་དོན་ཁང་གིས་རྒྱལ་ཡོངས་སུ་དུས་ཡུན་ཟླ་བ་གཉིས་རིང་ལ“དྭངས་གཙང་ཚན་ཁྱབ་བདེ་ཐང་རིགས་ཀྱི་དྲ་བའི་དཀྲོག་གཏམ་བཅོས་སྒྲིག་བྱེད་པའི”ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་པའི་བརྡ་ཁྱབ་བཏང་། ཀྲུང་དབྱང་དྲྭ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཐེངས་འདིའི་ཆེད་དོན་བྱ་སྤྱོད་ནང་གཤམ་གསལ་ཕྱོགས་བཞིའི་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུ་ཡིན་པ་སྟེ།
དང་པོ། དམངས་འཚོ་བདེ་ཐང་སྐོར་གྱི་དཀྲོག་གཏམ་བཟོས་ནས་མང་ཚོགས་ལ་མགོ་སྐོར་གཏོང་བ།
དཔེར་ན། ཟ་མ་དཀྱུས་མ་དང་ལུས་ཟུངས་གསོ་བའི་སྨན་ཞིག་ལ་ནད་བརྒྱ་དྲག་ཐུབ་པའི་སྨན་མཆོག་རེད་ཅེས་འུད་ཤོབ་བྱེད་པ། སྨན་གྱི་ཞོར་སྐྱོན་ལ་སྒྲོ་འདོགས་བྱས་ཏེ་ཁྲག་ཤེད་སྨན་ཡུན་རིང་འཐུང་ན་ཁྲག་རྩ་སོབ་སོབ་ཏུ་འགྱུར་འགྲོ་བ་རེད་ཅེས་པ་དང་། བྲོ་རྫས་ཚ་པོ་བཟོས་ན་དུག་ལྡན་དུ་འགྱུར་རྒྱུ་རེད་ཅེས་དོན་མེད་དུ་མི་ལ་ཞེད་སྣང་སྐུལ་བ། ཡང་ན་སྨན་ཁང་གི་སྨན་ལས་སྨན་འདི་ཟས་ན་འབྲས་སྐྲན་དྲག་འགྲོ་བ་རེད་ཅེས་བཤད་དེ་ནད་པ་སྨན་ཁང་དུ་འགྲོ་རུ་མི་འཇུག་པ། དེ་བཞིན་གནའ་སྲོལ་ལུས་གསོ་ཡིན་མདོག་གིས་སྲོལ་རྒྱུན་རིག་གནས་ལ་འཁྱོག་བཤད་དང་རྨོངས་དད་སྤེལ་བ་སོགས།
གཉིས་པ། སྨན་པ་དང་ཆེད་མཁས་པར་བརྫུས་ནས་ཚོང་རྒྱག་པ།
དཔེར་ན། སྨན་པའི་ཆས་གོས་གྱོན་ནས་སྨན་ཁང་ནང་དུ་པར་བླངས་ཏེ། རང་ཉིད་རྒྱལ་ཁབ་རིམ་པའི་ཆེད་ལས་མཁས་དབང་ཡིན་ཚུལ་བཤད་ནས་སྨན་རྫུན་མ་འཚོང་བ། ཚད་རྡུལ་ནུས་པ་དང་འཇིག་རྟེན་ནུས་ཚད་སོགས་མིག་གི་མཐོང་རྒྱུ་ལྟ་ཞོག་རྣ་བས་ཀྱང་གོ་མ་མྱོང་བའི་ཐ་སྙད་དང་མིང་ཚིག་གསར་པ་བེད་སྤྱད་དེ་སྤུས་ཀ་ཞན་པའི་ཅ་ལག་མགོ་སྐོར་བཏང་ནས་འཚོང་བ། དྲྭ་གྲགས་སློབ་དཔོན་དང་སྤྱོད་བཟང་ཅན་དུ་བརྫུས་ནས་ནད་བཅོས་གདོན་སེལ་ཐུབ་ཅེས་བཤད་དེ་ཁྲིམས་འགལ་གྱིས་མང་ཚོགས་ཀྱི་དངུལ་ལེན་པ་སོགས།
གསུམ་པ། མི་བཟོས་རིག་ནུས་གང་བྱུང་དུ་བེད་སྤྱད་ནས་ཚན་ཁྱབ་བདེ་ཐང་གི་དཀྲོག་གཏམ་བཟོ་བ།
དཔེར་ན། མི་བཟོས་རིག་ནུས་ལག་རྩལ་སྤྱད་དེ་མི་གཞན་གྱི་ངོ་གདོང་དང་སྐད་སྒྲ་བརྐུས་ནས། སྨན་པ་ངོ་མ་ཡིན་ཁུལ་གྱིས་ཚོང་རྒྱག་པ་དང་དཀྲོག་གཏམ་འབོར་ཆེན་སྡེབ་བཟོ་བྱེད་པ། མི་བཟོས་རིག་ནུས་ལ་བརྟེན་ནས་ནད་ཡམས་ཀྱི་ཤི་ཚད་སོགས་གྲངས་ཀ་རྫུན་མ་བཟོ་བ། གཞུང་གི་བརྡ་ཐོ་དང་བདེ་ཐང་ལམ་སྟོན་རྫུན་མ་བཟོས་ནས་སྨན་གྱི་ཕན་ནུས་འུད་ཤོབ་བྱེད་པ་སོགས།
བཞི་པ། ནད་དྲག་པའི་དཔེ་མཚོན་རྫུན་མ་བཟོས་ནས་མི་སྒེར་གྱི་འབྲེལ་ལམ་བརྒྱུད་ནས་འཛད་སྤྱོད་བྱ་རྒྱུར་བསླུ་བྲིད་དང་མགོ་སྐོར་གཏོང་བ།
དཔེར་ན། ནད་བརྒྱ་ཆ་བརྒྱ་དྲག་འགྲོ་གི་རེད། ནམ་ཡང་ནད་གཞི་བསྐྱར་ལོག་མི་ཐེབས་ཞེས་ནད་པ་དྲག་པའི་པར་དང་སྐད་ཆ་རྫུན་མ་བཟོས་ཏེ། མི་རྣམས་སྒེར་གྱི་འཕྲིན་ཕྲན་ཚོགས་པའི་ནང་བཅུག་ནས་བསླུ་བྲིད་དང་མགོ་སྐོར་གཏོང་བ། ལུས་ཟུངས་གསོ་བའི་ཐོན་རྫས་ཀྱི་ཕན་ནུས་ཚད་ལས་བརྒལ་བ་འུད་ཤོབ་བྱེད་པ། ལྷག་པར་དུ་ཆེད་ལས་མཁས་དབང་གིས་སྒེར་ལ་སློབ་ཁྲིད་བྱེད་ཀྱི་ཡོད་ཅེས་རྒན་རྒོན་རྣམས་ཀྱི་དངུལ་གཡོ་ལེན་བྱེད་པ་སོགས།
དག་ཐེར་བཅོས་སྒྲིག་བྱེད་སྟངས།
གཅིག་ནས་སྒྲིག་འགལ་རྩིས་ཐོའི་ཨང་གྲངས་དང་སྒྲིག་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏང་དགོས། གཉིས་ནས་གཙོ་གནད་ལྷུ་ཚིགས་ཀྱི་དོ་དམ་ལ་ཤུགས་རྒྱག་དགོས། གསུམ་ནས་ལས་སྟེགསAIའགོག་བཅོས་ནུས་པ་ཆེ་རུ་གཏང་དགོས།
