སློབ་སྦྱོང་གི་ཕན་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སུ་སྒྱུར།
རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་། ཏང་དར་ན་གཞི་ནས་རྒྱལ་ཁབ་སྟོབས་ཆེན་ཡོང་ཐུབ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་སྔར་བས་གཏོད་རྒྱུར་དངོས་ཡོད་ཀྱི་དོན་སྙིང་དང་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན་ཡོད། ཉིན་ཤས་བསྟུད་མར། རྒྱ་ཆེའི་ཤེས་ཡོན་ཅན་དང་གཞོན་ནུའི་མི་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཡོད། ཚང་མས། ནན་པའི་བླང་བྱ་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དེ་ལག་ལེན་དངོས་ཀྱི་ཁྲོད་དོན་འཁྱོལ་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ལོ་ངོ་100ལྷག་ཙམ་རིང་གི་འབད་འཐབ་བརྒྱུད་རིམ་ལ་ཕྱིར་དྲན་བྱས་པ་དང་། དུས་རབས་གསར་པར་ཁྱོན་ཡོངས་ནས་ཏང་ནན་པོས་བསྐྱངས་པའི་རླབས་ཆེན་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ། འགྲན་སློང་གསར་པ་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཟིགས་རྒྱང་རིང་པོ་དང་དགོངས་པ་གཏིང་ཟབ་དང་དཔའ་ངར་ཆེན་པོས་འགན་འཁྲི་འཁུར་བ་གང་ལེགས་མངོན་ཞིང་། ཏང་ཡོངས་ཀྱིས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་ཁ་ཚ་དགོས་གཏུག་གི་བསམ་པ་སྐུལ་སློང་བྱས་ཡོད།
ཀྲུང་དབྱང་ཏང་གི་སློབ་གྲྭའི་(རྒྱལ་ཁབ་སྲིད་འཛིན་སློབ་གླིང་)ཏང་འཛུགས་སྐྱོང་སློབ་དཔྱོད་པུའི་ཀྲུའུ་རེན་ཀྲུའུ་ལིང་ཅུན་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁྱོན་ཡོངས་ནས་ཏང་ནན་པོས་བསྐྱངས་པར་གྲུབ་འབྲས་རླབས་ཆེན་ཐོབ་པ་དང་ཉམས་མྱོང་རྩ་ཆེན་བསགས་ཡོད་ཅིང་། ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་ཡོད། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད་ཆགས་པའི་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་རྩ་བའི་བརྩི་སྲུང་ཞུ་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་སློབ་ཁྲིད་ཚན་ཞིབ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པར་བྱེད་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་མ་ལག་ཅན་དང་རིག་ལམ་ཅན་གྱི་ཞིབ་འཇུག་དང་གསལ་འགྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ཏང་གཤིས་ཀྱི་སློབ་གསོ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། བློ་དཀར་དྭངས་གཙང་དང་འགན་འཁྲི་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་སྤྱི་གཏོང་གྲོང་ཚོའི་ ཏང་ཀྲི་པུའི་ཧྲུའུ་ཅི། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལེའོ་ཙེ་ལུའུ་ཡིས། ལོ་འདི་དག་རིང་། ཁྱོན་ཡོངས་ནས་ཏང་ནན་པོས་བསྐྱངས་པ་ལས་བྱུང་བའི་འགྱུར་ལྡོག་གཏིང་ཟབ་དེ་དག་ང་ཚོས་མིག་མཐོང་ལག་ཟིན་བྱུང་། གཞི་རིམ་གྱི་གོམས་སྲོལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་། ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། ང་ཚོ་ནི་མེས་རྒྱལ་གྱི་མཐའ་མཚམས་སུ་གནས་པས། གོམ་སྟབས་རྗེས་མར་ཏང་འཛུགས་སྐྱོང་ལ་མུ་མཐུད་དམ་འཛིན་ནན་པོ་བྱས་ནས། གཞི་རིམ་ཏང་རྩ་འཛུགས་དེ་སྲ་ཞིང་བརྟན་པའི་འཐབ་འཛིང་གི་བཙན་རྫོང་ཞིག་ཏུ་གཏོད་རྒྱུ་དང་། ཏང་ལ་བློ་དཀར་ཟོལ་མེད་བྱེད་པ་དེ་མཐའ་སྲུང་མཐའ་བརྟན་དང་མང་ཚོགས་མཐུན་སྒྲིལ། ཐོན་ལས་འཕེལ་རྒྱས་བཅས་ཀྱི་ལས་དོན་སྒྲུབ་པའི་ཉིན་རེ་རེར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་རྒྱུ་ཡིན་ཞེས་བརྗོད་ཡོད།
ཐེན་ཅིན་གྲོང་ཁྱེར་ནན་ཁའེ་ཆུས་ལུས་རྩལ་ལྟེ་གནས་ཁྲོམ་གཞུང་ཤིང་ཁྲེང་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀེང་ཐེན་ཝུའེ་ཡིས། ཚང་འཛོམས་གྲོས་ཚོགས་ཐོག དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་དགོས་ཞེས་བཏོན་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་ཆེ་རུ་གཏོང་རྒྱུ་ནི་ཏག་ཏག་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཞི་རིམ་དུ་ལག་བསྟར་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན། མང་ཚོགས་ཀྱི་ཇ་མར་ཚྭ་བུལ་དང་ཁྱིམ་ཚང་གི་བྱ་བ་ཙག་ཙིག་ཚང་མ་ནི་ང་ཚོའི་ལས་ཀའི་དོན་ཆེན་ཨང་དང་པོ་ཡིན། ནན་པོ་དང་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་དེ་སྡེ་ཁུལ་ལས་དོན་གྱི་ཕྱོགས་གང་ཅིའི་ཐད་ཁྱབ་པར་བྱེད་པ་དང་། དུད་ཁྱིམ་སོ་སོར་འཚམས་འདྲི་བྱེད་ཐེངས་རེ་རེ་དང་དམངས་འཚོའི་དོན་དངོས་རེ་རེ་ཡག་པོ་སྒྲུབ་པའི་ཞིབ་ཕྲའི་བྱ་སྤྱོད་ཁྲོད་དོན་འཁྱོལ་བྱེད་དགོས་ཞེས་བརྗོད་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བར་བརྩི་སྲུང་ཞུ་དགོས་པའི“མཐའ་འཁྱོངས་བདུན”གྱི་རྩ་དོན་གསལ་འགྲེལ་བྱས་ཡོད་པ་དང་། གུང་ཁྲན་ཏང་མིའི་ཏང་གཤིས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནས་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། ཚང་མས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གཤིས་ཆེ་རུ་གཏོང་བ་དང་སྤྱོད་ཚུལ་ལ་ཞུན་བརྡར་བྱེད་པའི་བླང་བྱ་དེ་ལས་གནས་ཀྱི་ལག་ལེན་དངོས་ནང་མཉམ་འདྲེས་བྱས་ཐོག ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ཁྲོད་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་ཞེས་བརྗོད་ཡོད།
ཆིང་ཧྭ་སློབ་ཆེན་ཧྲེན་ཀྲེན་རྒྱལ་སྤྱིའི་ཞིབ་འཇུག་སློབ་མའི་སློབ་གླིང་གི་ཡོན་ཀྲང་གཞོན་པ། རྒྱལ་ཁབ་ཚད་བརྒལ་རྩིས་རྒྱག་ཧྲེན་ཀྲེན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྥུའུ་ཧའོ་ཧོན་གྱིས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རྩ་བའི་བརྩི་སྲུང་ཞུ་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། ང་ཚོས“ཏང་འཛུགས་སྟོབས་ཆེན”དང“རིག་གཞུང་སྟོབས་ཆེན”གཉིས་ཀ་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། ཏང་གཤིས་ལ་ཞུན་བརྡར་བྱ་རྒྱུ་དེ་ཚན་ཞིབ་འགག་གཏོར་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་བྱེད་པ་དང་། ཚན་ཞིབ་སྒྲིག་ཁྲིམས་ནན་སྲུང་དང་རིག་གཞུང་ཀུན་སྤྱོད་ལ་བརྩི་སྲུང་ནན་པོ་ཞུ་བ། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་ཚན་ཞིབ་ལས་འགན་གལ་ཆེན་ལ་སྣེ་ཁྲིད་བྱེད་པ། རིམ་འདས་རྩིས་རྒྱག་དང་མི་ཐབས་རིག་ནུས་ཟུང་འབྲེལ་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ལྡན་པའི་ཐོག་མའི་གསར་གཏོད་གྲུབ་འབྲས་དེ་བས་མང་བ་ཐོན་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
པེ་ཅིང་སློབ་ཆེན་སྨན་ཁང་དང་པོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཅང་ཧུའེ་ཡིས། ཚང་འཛོམས་གྲོས་ཚོགས་ཀྱི་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་ནི་ཁྱོན་ཡོངས་ནས་ནན་པོ་བྱེད་པའི“གཅུན་སྡོམ་ནན་པོ”ཞིག་ཡིན་ལ། དེ་བས་ཀྱང་ལས་སྒྲུབ་ལས་གཏོད་ཀྱི་འགན་ལེན་ཡིན། ང་ཚོས་ཏང་གི་འགོ་ཁྲིད་དེ་སྨན་ཁང་བཅོས་སྐྱོང་གི་འབྲེལ་ཐག་ཧྲིལ་པོའི་ནང་མཉམ་འདྲེས་བྱས་ཏེ། ནན་པའི་ཚད་གཞི་དེ་ནད་ཐོག་སྨན་བཅོས་དང་། སྒྲིག་ཆས་དང་ཟད་གྲོན་ཆེ་བའི་རྒྱུ་ཆ་ཉོ་སྒྲུབ། ཚན་ཞིབ་ཀྱི་གྲོན་དངུལ་དོ་དམ་བཅས་ཀྱི་ལྷུ་ཚིགས་ཁག་ལ་ཁྱབ་པར་བྱེད་པ་དང་། ཀྲི་པུའུ་ཚན་ཁག་ནང་འཛུགས་རྒྱུ་དང་ཏང་ཡོན་འཐབ་ཕྱོགས་དང་པོར་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་དེ་མི་དམངས་ཀྱི་བདེ་ཐང་སྲུང་བའི་གྲུབ་འབྲས་དངོས་ལ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་ཁྲ་ཡོའུ་ཆན་རྫོང་ཧོང་ཆི་མཚེའུ་རང་བྱུང་སྲུང་སྐྱོང་ཁུལ་ཞབས་ཞུ་ལྟེ་གནས་ཀྱི་སྐོར་ཞིབ་པ་ཝང་ཅ་མིན་གྱིས། “ཞབས་ཞུའི་འགན་འཁྲི་དང་ལས་འགན་མཐའ་འཁྱོངས་བྱ་རྒྱུ”དེ་ང་ཚོའི་ངོས་ནས་བརྗོད་ན། ཧོང་ཆི་མཚེའུ་དང་མེས་རྒྱལ་བྱང་རྒྱུད་ཀྱི་འབྱུང་ཁམས་སྲུང་ར་ཡག་པོ་བསྲུང་རྒྱུ་དེ་ཡིན། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལས་གནས་ཐོག་དོན་འཁྱོལ་ཡག་པོ་བྱས་ཏེ། འདམ་ར་སྐོར་ཞིབ་དང་རྒྱུག་ཁོངས་བཅོས་སྒྲིག སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བཅས་བྱེད་པའི་ལས་དོན་ཁག་ཏན་ཏན་ཏིག་ཏིག་གིས་ཡག་པོ་བསྒྲུབས་ཏེ། མིས་བཟོས་འགལ་རྐྱེན་ཉུང་ཤོས་སུ་གཏོང་ཐུབ་པ་དང་རང་བྱུང་ཉམས་གསོའི་ལམ་བུའི་ཐོག་ཡག་པོ་བསྐྱོད་ཐུབ་པ་བྱས་ཐོག འདི་གའི་ཆུ་དང་འདབ་ཆགས་ཀྱི་ཚོགས་ལ་སྲུང་སྐྱོབ་ཡག་པོ་བྱས་ནས། ལང་ཚོའི་ལག་ལེན་དངོས་ལ་བརྟེན་ནས་གཞོན་ནུ་མི་རབས་ཀྱི་འབྱུང་ཁམས་ཐད་ཀྱི་རྒྱུགས་ལན་འདེབས་རྒྱུ་ཡིན་ཞེས་བརྗོད་ཡོད།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཅང་ཆུས་ཨའེ་ཡིའུ་ཞི་སྡེ་ཁུལ་རིག་གནས་འཕེལ་རྒྱས་ལྟེ་གནས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི། ཀྲུའུ་རེན་ལིའུ་ཧྥེ་ཡིས། 《གཏན་འབེབས》ནང་། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལ་གཙོ་གནད་ཐོག་དམ་འཛིན་བྱེད་དགོས་ཞེས་བསྟན་ཡོད། གང་དེས་ང་ཚོས་དཔལ་འབྱོར་སྒྲིག་འཛུགས་གསར་པ་དང་སྤྱི་ཚོགས་སྒྲིག་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་གི་གཞི་རིམ་རྨང་གཞི་བརྟན་དུ་གཏོང་བར་སྔར་ལས་ལྷག་པའི་སྒོ་ནས་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཆེད་ལས་ཅན་གྱི་སྤྱི་ཚོགས་ལས་དོན་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱས་ཐོག སྡེ་ཁུལ་གྱི་ཞབས་ཞུ་དང་སྡེ་ཁུལ་བཅོས་སྒྲིག གྲོས་མོལ་དོན་གྲོས་བཅས་ཀྱི་ཁྲོད་ཏང་དང་སྲིད་གཞུང་གི་ཐུགས་ཁུར་རྣམས་ཆད་ལུས་མེད་པར་གྲོང་མིའི་གམ་དུ་སྐྱེལ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཧྥུའུ་ཏན་སློབ་ཆེན་གྱི《གུང་ཁྲན་ཏང་གི་བསྒྲགས་གཏམ》འགྲེམས་སྟོན་ཁང་གི“མེ་སྟག”ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་དཔོན་ཁྲེན་ཙི་ཕེ་ཡིས།《གཏན་འབེབས》ནང“གུང་ཁྲན་ཏང་མིའི་ཏང་གཤིས་ཆེ་རུ་གཏོང་རྒྱུ”དེ་འཐབ་ཇུས་ལས་འགན་ཨང་དང་པོར་བཞག་ཡོད། གང་དེས་ང་ཚོ་གཞོན་ནུ་ཏང་ཡོན་ཚོས“དད་སེམས་དང་། ཡིད་ཆེས། སེམས་ཤུགས”བཅས་ལ་ངོས་འཛིན་སྔར་ལས་ཟབ་པ་བྱུང་། སེམས་ལ་དད་སེམས་ཡོད་ན། གཞི་ནས་རྒྱང་དུ་བགྲོད་ཐུབ། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ནས། སློབ་སྦྱོང་དང་མནོ་བསམ། ལག་ལེན། གོ་རྟོགས་བཅས་ཀྱི་ཁྲོད་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་། གསར་བརྗེའི་སྒྲོག་འགྲེལ་གྱི་འཐབ་ཕྱོགས་དང་པོར་གཞི་རྐང་ཚུགས་ནས། “དད་སེམས་ཀྱི་གཏམ་རྒྱུད”དེ་དུས་རབས་གསར་པའི་གདིང་ཤུགས་ཀྱི་ཐོག་ནས་མངོན་པར་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
