འཇམ་དབྱངས་ཉི་མའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་ཁྲེང་ཏུའུ་རུ་སྤེལ།

དེ་རིང་། སྤྲིན་མཐའི་ཚོན་མདོག་གི་ཞིང་ཁམས། གཙང་གསུང་འབྱུང་ཡུལ་གྱི་ཡུས་ཧྲུའུ་ཞེས་པའི་འཇམ་དབྱངས་ཉི་མའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་བྱེད་སྒོ་སྤོས་ལྡན་གྲོང་ཁྱེར་དུ་སྤེལ་ཡོད།
ཐེངས་འདིར་བོད་ཀྱི་མཛེས་རྩལ་པ་གྲགས་ཅན་འཇམ་དབྱངས་ཉི་མ་ལགས་ཀྱིས་ལོ་ངོ་མང་པོར་མཐོ་སྒང་གི་རི་ཆུའི་མཛེས་སྡུག་དང་འཚོ་བའི་སྣང་བརྙན་བརྗོད་དོན་དུ་བཟུང་ནས་གསར་བཞེངས་བྱས་པའི་ཀྲུང་གོའི་སྲོལ་རྒྱུན་རི་མོ་དང་ཐང་ག་སོགས་ཀྱི་རི་མོའི་བརྩམས་ཆོས་གཅིག་བསྡུས་ཀྱིས་འགྲེམ་སྟོན་བྱས་པ་ཡིན་ལ། ཁོང་གི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་མཚོན་ཐབས་དང་མཐོང་སྣེ་ལ་བརྟེན་ནས་མདོ་དབུས་མཐོ་སྒང་གི་ཁྱད་དུ་འཕགས་པའི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་སོགས་རི་མོའི་ལམ་ནས་ལེགས་པར་མཚོན་པ་རེད།

འཇམ་དབྱངས་ཉི་མ་ནི་ཡུས་ཧྲུའུ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་མཛེས་རྩལ་དགེ་རྒན་ཡིན་ལ། དུས་ཡུན་རིང་པོར་མཐོ་སྒང་གི་མཛེས་རིག་སློབ་གསོ་དང་ཀྲུང་གོའི་སྲོལ་རྒྱུན་རི་མོ། གངས་རིའི་ལྗོངས་ཀྱི་གནའ་བོའི་ལྡེབས་རིས་དང་བྲག་བརྐོས་རི་མོ་སོགས་ལ་ཞིབ་འཇུག་གནང་བ་རེད། ལོ་ངོ་མང་པོར་ཁོང་གིས་ཕ་ས་ཕ་ཡུལ་ནས་གངས་ཅན་མཐོ་སྒང་གི་རི་ཆུའི་མཛེས་སྡུག་དང་དམངས་ཀྱི་འཚོ་བ། ཆོས་ལུགས་རིག་གནས་སོགས་རང་གི་རྣམ་དཔྱོད་དང་རྩལ་ལ་བརྟེན་ནས་སྲོལ་རྒྱུན་གྱི་མཛེས་པས་ཕྱུག་ཅིང་། རང་ཉིད་ཀྱི་ཁྱད་ཆོས་ལྡན་ལ། དུས་རབས་ཀྱི་སྣང་བས་རྒྱན་པའི་རི་མོའི་བརྩམས་ཆོས་མང་པོ་ཞིག་གསར་དུ་བཞེངས་ནས་ཀུན་གྱི་སྤྱན་ལམ་དུ་བསྟར་བ་རེད།

ཐེངས་འདིར་ཁོང་གི་རི་མོའི་བརྩམས་ཆོས་༧༠འགྲེམ་སྟོན་བྱས་ཤིང་། དེ་དག་ནི་དུས་ཡུན་རིང་པོར་ཡུལ་དངོས་རྟོག་ཞིབ་དང་རིག་གནས་ཞིབ་འཇུག་རྒྱབ་རྟེན་དུ་བཟུང་ནས་གསར་བཞེངས་བྱས་པ་ཡིན་པར་མ་ཟད། ཀྲུང་གོའི་སྲོལ་རྒྱུན་རི་མོའི་མཚོན་ཐབས་དང་། བོད་ཀྱི་སྒྱུ་རྩལ་ཁྱད་ཆོས་ཟུང་འབྲེལ་གང་ལེགས་བྱས་ནས་གཙང་གསུམ་འགོ་ཁུངས་དང་། གངས་ཅན་མཐོ་སྒང་གི་མཛེས་སྡུག་ཡོངས་སུ་མངོན་པར་བྱས་ཡོད།

འཇམ་དབྱངས་ཉི་མ་ལགས་ཀྱིས་ཐེངས་འདིའི་རི་མོའི་བརྩམས་ཆོས་འགྲེམ་སྟོན་ནི་ཁོང་གིས་ལོ་ངོ་མང་པོར་སློབ་སྦྱོང་དང་གསར་རྩོམ་བྱས་པའི་གྲུབ་འབྲས་ཀྱི་ཕྱོགས་བསྡོམས་ཤིག་ཡིན་ལ། རྒན་རབས་རྣམ་པ་དང་ལས་རིགས་གཅིག་པའི་སྒྱུ་རྩལ་པ་རྣམས་ལ་གྲུབ་འབྲས་སྙན་ཞུ་དང་སྤེལ་རེས་བྱེད་པའི་གོ་སྐབས་ཤིག་ཀྱང་ཡིན། མ་འོངས་པར་ཁོང་གིས་གངས་ཅན་མཐོ་སྒང་ལ་གཞི་བཅོལ་ནས། མཛེས་རིག་སློབ་གསོ་དོན་དུ་གཉེར་བ་དང་། གསར་རྩོམ་གྱི་ལས་ལ་གཞོལ་ནས། ཡུས་ཧྲུའུ་ས་གནས་ཀྱི་རིག་གནས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་པ་དང་། རང་གི་སྨྱུ་ཁ་ལ་བརྟེན་ནས་དུས་རབས་ཟིན་ཐོར་འགོད་པ་དང་། རི་ཆུའི་མཛེས་སྡུག་རི་མོར་ཕབ་ནས། རང་གི་ཕུལ་བྱུང་བརྩམས་ཆོས་ཀྱིས་གངས་ལྗོངས་རིག་གནས་ཀྱི་མཛེས་སྡུག་མཚོན་པར་བྱ་རྒྱུ་ཡིན་ཞེས་བསྟན།

ཐེངས་འདིའི་རི་མོའི་བརྩམས་ཆོས་འགྲེམ་སྟོན་གྱིས་སྤོས་ལྡན་གྲོང་ན་ཡོད་པའི་ལྟད་མོ་བར་ཡུས་ཧྲུའུ་ཡི་མི་ཆོས་རིག་གནས་ལ་རྒྱུས་ལོན་དང་། བོད་ཀྱི་སྒྱུ་རྩལ་མཚར་སྡུག་ཉམས་སུ་མྱོང་བའི་སྟེགས་བུ་ཡག་མོ་ཞིག་བསྐྲུན་པར་མ་ཟད། སི་ཁྲོན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་རིག་གནས་སྒྱུ་རྩལ་སྤེལ་རེས་དང་། མི་རིགས་རིག་གནས་བརྒྱུད་སྒྲོག་བྱེད་པར་སྒྱུ་རྩལ་གྱི་སྟོབས་ཤུགས་མཁོ་འདོན་བྱས་པ་རེད།
