སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཆབ་སྲིད་འབྱུང་ཁམས་གཙང་མ་བཟོས་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོར་སྐྱོང་དགོས། འོ་ན་ཅི་ཞིག་ལ་བརྟེན་ནས་དོ་དམ་དང་ཅི་ཞིག་ལ་བརྟེན་ནས་སྐྱོང་དགོས་སམ་ཞེ་ན། དེ་ནི་སྒྲིག་ཁྲིམས་ནན་པོར་བརྟེན་དགོས་ཞེས་བསྟན་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་བྱ་རྒྱུ་དེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བཀོད་སྒྲིག་ནང་བཅུག་ཐོག སྒྲིག་ཁྲིམས་དང་སྒྲིག་ལམ་མདུན་དུ་འཇོག་པ་དང་། ལམ་ལུགས་ཀྱི་རླུང་ཙི་ཟམ་མི་ཆད་པར་དམ་དུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་ངང་ཆབ་སྲིད་ཀྱི་འབྱུང་ཁམས་གཙང་དུ་གཏོང་བ་བཅས་བྱས་པས། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ལྷུག་ལྷོད་འཇམ་གསུམ་གྱི་གནས་ཚུལ་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བྱུང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་འགན་སྲུང་བརྟན་པོ་མཁོ་འདོན་བྱས་ཡོད།
མང་ཚོགས་ཀྱི་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གྱིས་མང་ཚོགས་ཀྱི་ཐོབ་ཚོར་དང་ཏང་གི་སྲིད་སྐྱོང་རྨང་གཞིར་བསླད་སྐྱོན་གཏོང་གི་ཡོད། དུས་རབས་གསར་པར་སླེབས་པ་ནས་བཟུང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཞི་རིམ་དུ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་ཡོད། 2024ལོ་ནས་བཟུང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཨུད་ཀྱིས་རྒྱལ་ཡོངས་སུ་མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ནས། མང་ཚོགས་ཀྱི་“ཛ་དྲག་ཆེ་བ་དང་དཀའ་ངལ་ཆེ་བ་སེམས་ཁྲལ་ཆེ་བ་རེ་སྒུག་བྱེད་པ་”བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
མི་རིང་བའི་གོང་། སི་ཁྲོན་ཁྲེང་ཏུའུ་ལུང་ཆོན་དབྱི་ཆུས་ཕིང་ཨན་གྲོང་ཚོའི་ཆུ་གསོག་ས་མང་པོ་ཞིག་བསྒྱུར་བཀོད་བྱས་ནས། ཆུ་འབུད་སྒོ་གསར་དུ་བསྣན་པ་དང་། ཡུར་བུ་གསར་དུ་བསྐྲུན་ཡོད། ཆར་ཆུ་ཆུ་འདྲེན་སྦུབས་ལམ་ནང་དུ་རྒྱུག་འགྲོ་གི་ཡོད་པས། གྲོང་མི་ཕྱིར་འགྲོ་སྐྱོད་བྱེད་སྐབས་འགྲོ་ལམ་ཆུས་འགག་པའི་སེམས་ཁྲལ་བྱེད་མི་དགོས་པར་གྱུར་ཡོད། བསྒྱུར་བཀོད་མ་དངུལ་དེ་ནི་གྲོང་ཚོའི་ལས་བྱེད་པས་ཧམ་ཟ་བྱས་པའི་མཉམ་སྡེབ་མ་དངུལ་ཁྲོད་ནས་ཚུར་བླངས་པ་ཞིག་རེད།
མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་བྱས་ནས། མང་ཚོགས་ལ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ཉེ་འགྲམ་དུ་ཡོད་པའི་ཚོར་སྣང་དངོས་སུ་ཡོང་བ་བྱ་རྒྱུ་དེ་ནི་དུས་རབས་གསར་པར་ཀྲུང་གོ་གུང་ཁྲན་ཏང་གིས་སྒྲིག་ཁྲིམས་ནན་དུ་བཏང་ནས་སྲིད་ཇུས་དོན་འཁྱོལ་ཡོང་བར་འགན་ལེན་དང་། མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་ཏན་ཏིག་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།
ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པས་གསར་གཏོད་རང་བཞིན་གྱི་སྒོ་ནས། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྩ་བཅོས་ཐབས་ཇུས་ཤིག་ཡིན་ཞེས་བཏོན་གནང་ཡོད། ཏང་ཡོན་དུང་ཕྱུར་གཅིག་ལྷག་ཙམ་ཡོད་པའི་སྲིད་སྐྱོང་ཏང་ཞིག་གིས་ཅི་ཞིག་ལ་བརྟེན་ནས་རང་ཉིད་ཀྱི་དཔུང་ཁག་ལ་དོ་དམ་ཡག་པོ་བྱེད་དགོས་སམ། ཅི་ཞིག་ལ་བརྟེན་ནས་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་བར་བྱེད་དགོས་སམ་ཞེ་ན། ཡང་དག་པའི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་ཕུད། ངེས་པར་དུ་དམ་ནན་གྱི་ཚད་གཞི་དང་སྒྲིག་ཁྲིམས་ལ་བརྟེན་དགོས་སོ། །
དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རླབས་ཆེན་ལག་ལེན་ལ་གཞི་ཚུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏོན་ནས། སྒྲིག་ཁྲིམས་འཛུགས་སྐྱོང་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྒྲིག་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ་དང་། ཏང་ནང་དུ་སྒྲིག་ཁྲིམས་ཀྱི་ཚོད་འཛིན་མི་ཐེབས་པའི་དམིགས་བསལ་ཏང་ཡོན་ཡོད་མི་ཆོག་ཅེས་བསྟན་གནང་བ་དང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྒྱུན་ལྡན་རང་བཞིན་གྱི་ལས་ཀ་ཞིག་ཡིན་པས། ཏང་ཡོན་དང་ལས་བྱེད་པར་ཁྲིད་སྟོན་བྱས་ནས་གཞན་གཅུན་དེ་རང་གཅུན་དུ་བསྒྱུར་བ་དང་། རྒྱུན་སྤྱོད་ཀྱི་གཏམ་སྤྱོད་ཚད་གཞིར་བསྒྱུར་བར་བྱ་དགོས་པའི་ནན་སྟོན་གསལ་པོ་གནང་བ། སྒྲིག་ཁྲིམས་འཛུགས་སྐྱོང་བྱ་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་སུ་འཇོག་དགོས་པ་དང་། ཏང་གི་སྒྲིག་སྲོལ་གཏན་འབེབས་དང་། ཏང་གི་སྒྲིག་ཁྲིམས་སྐོར་གྱི་སློབ་གསོ་རྒྱག་པ། སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ནན་པའི་བླང་བྱ་ལག་བསྟར་བྱེད་དགོས་པ་གསལ་འགྲེལ་གཏིང་ཟབ་གནང་ཡོད།
སྒྲིག་ཁྲིམས་བརྩི་སྲུང་ཞུ་ས་ཡོད་པ་ནི་སྒྲིག་ཁྲིམས་ནན་པོ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ནང་ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་མཐའ་འཁྱོངས་བྱེད་དགོས་ཞེས་གསལ་པོར་བཏོན་ཡོད།
དུས་རབས་གསར་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྩེ་རིམ་ཇུས་འགོད་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ།
《ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར་》བཏོན་པ་དེ་ནི་ཏང་གི་ལོ་རྒྱུས་ཐོག་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་ཆེད་དུ་བཀོད་སྒྲིག་བྱས་པའི་ཀྲུང་དབྱང་གི་ཡིག་ཆ་ཐོག་མ་དེ་ཡིན་པ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་གི“1+4”ཡི་གཞི་རྩའི་སྒྲོམ་གཞི་གཏན་འཁེལ་བྱས་ཡོད།
《ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》དང་《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》 《ཀྲུང་གོ་གུང་ཁྲན་ཏང་གི་བྱ་དོན་གལ་ཆེན་གྱི་བཀའ་འཁྲོལ་སྙན་ཞུའི་སྲོལ་ཡིག》སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་རབ་དང་རིམ་པ་གཏན་འབེབས་བྱས་ནས་བཏོན་པ་དང་། ལམ་ལུགས་ཀྱི་བང་རིམ་ནས་ཏང་གིས་ཁྱོན་ཡོངས་སྟངས་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པ་དང་། ལྷག་པར་དུ་“སྲུང་སྐྱོང་གཉིས་”དོན་ཐོག་ཏུ་འཁྱོལ་བར་བྱས་པས། ཏང་གི་འགོ་ཁྲིད་སླ་རུ་འགྲོ་བ་དང་། ཞན་དུ་འགྲོ་བ། མིང་ཙམ་དུ་འགྱུར་བ་བཅས་ཀྱི་ཉེན་ཁ་ནུས་ལྡན་ངང་སེལ་ཡོད།
《དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག འགན་འཁྲི་བདའ་འདེད་སྲོལ་ཡིག སྐོར་ཞིབ་ལས་དོན་སྲོལ་ཡིག་སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གལ་ཆེན་ཁག་གཅིག་གཏན་འབེབས་དང་བཟོ་བཅོས་བརྒྱབ་སྟེ། སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་བགྲོད་ལམ་ཐོག ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་སྟེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་“གཅུས་གཟེར་”ཇེ་དམ་དུ་བཏང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལྕགས་རྡུང་བར་ངེས་པར་དུ་རང་ཉིད་མཁྲེགས་པོ་ཡོད་དགོས་པ་མཐའ་འཁྱོངས་བྱས་ཏེ། “མི་སྟོང་ཕྲག་ལ་ཕོག་ཐུག་བཏང་ཡང་། མི་དུང་ཕྱུར་བཅུ་བཞིའི་རེ་བ་སྟོང་ཟད་དུ་མི་གཏོང་བའི་”འགན་འཁྲིར་བརྟེན་ནས་ནད་སེལ་ཟིང་བཅོས་དང་། ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། མི་ཆོག་པའི་ཁུལ་མེད་པ་དང་། མི་ཁྱབ་པའི་གནས་མེད་པ། བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་མཐའ་འཁྱོངས། བཀག་འགོག་ནན་པོ་དང་། གནོན་ཤུགས་དྲག་པོ། ཟིལ་གནོན་ཡུན་རིང་ཡོང་བ་བཅས་མཐའ་འཁྱོངས་བྱས་པ། “སྟག་རྡུང་བ།”དང་ “སྦྲང་ནག་རྡེབ་པ།” “ཝ་རྔོན་”བཅས་ཐབས་མང་མཉམ་སྤྱོད་བྱས་པ། ལྐོག་རྔན་ལེན་པ་དང་ལྐོག་ངན་སྤྲོད་པར་མཉམ་དུ་བཤེར་བས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་ཐུབ་ཡོད། རང་རེའི་ཏང་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རྩ་ལག་མཉམ་བཅོས་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་ཡོད།
2026ལོའི་ཟླ་1པོ་ནས་9པའི་བར། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་བསྡོམས་གྱོད་དོན་ཁྲི་80ཐོ་འགོད་བྱས་པ་དང་། མི་ཁྲི་68ལ་ཆད་པ་བཅད་པའི་ནང་། ཞིང་ཆེན་དང་པུའུ་རིམ་པ་དང་དེ་ཡན་གྱི་ལས་བྱེད་པ་73གྱོད་དོན་ཐོ་འགོད་བྱས་པ་དང་། ཞིང་ཆེན་དང་པུའུ་རིམ་པ་དང་དེ་ཡན་གྱི་ལས་བྱེད་པ་105ལ་ཆད་པ་བཅད་པ་རེད།
ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག ཏང་ཡོངས་ཀྱི་གོང་འོག་ཚང་མས་རྒྱུན་སྲིང་ལྷོད་མེད་ངང་སྲོལ་བཟང་སྒྲིག་ནན་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་རྒྱུན་ཆད་མེད་པར་གཏོད་པ། སྒྲིག་ཁྲིམས་ནན་པའི་ཆབ་སྲིད་ཀྱི་བཟང་ཆ་དེ་དམངས་ཀྱི་སེམས་ཁྲལ་སེལ་ཐུབ་པ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་གྲུབ་འབྲས་སུ་འགྱུར་བ་བཅས་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་བཞིན་ཡོད་པ་རེད།
