རུལ་སུངས་ཀྱི་གནད་དོན་བཀག་འགོག་མཐའ་གཅིག་ཏུ་བྱེད་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནམ་ཡང་ལམ་དུ་ཡོད་པའི་བློ་རྩ་བརྟན་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་དང་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ། གོམ་པ་གང་ཡང་མཚམས་མི་འཇོག་པ་དང་། གོམ་པ་ཕྱེད་ཀ་ཙམ་ཡང་ཕྱིར་བཤོལ་མི་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། མཐའ་གཅིག་ཏུ་འགག་སྒྲོལ་དམག་འཐབ་དང་། རྒྱུན་སྲིང་དམག་འཐབ། སྤྱི་ཡོངས་དམག་འཐབ་འདི་ཡག་པོ་རྒྱག་དགོས་ཞེས་ནན་སྟོན་གནང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རུས་འབྲད་དུག་སེལ་དང་དཔའ་བོས་རང་ལག་གཅོད་ཕོད་པའི་བློ་སྟོབས་ལ་བརྟེན་ནས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་སྒྲིག་ཁྲིམས་ནན་དུ་གཏོང་བ། རུལ་རྒོལ་ངན་གཅོད་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་པས། གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་རང་རེའི་ཏང་དེ་ཉིད་སྔར་བས་སྲ་བརྟན་དང་སྟོབས་ཆེར་ཕྱིན་པ་དང་། ལོ་བརྒྱའི་ཏང་ཆེན་པོ་ལང་ཚོའི་དཔལ་ཡོན་རྒྱས་ཤིང་། གསོན་ཤུགས་ཀྱིས་ཁེངས་པར་གྱུར་ཡོད།
2012ལོའི་ཟླ་12པར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་དང་མང་ཚོགས་དང་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་དོན་ཚན་བརྒྱད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད།
ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་དང་འབྲེལ་བ་ཡོད་པ་དང་། མང་ཚོགས་ཀྱིས་བློ་ཕྱོགས་གཏད་མིན་དང་འབྲེལ་བ་ཡོད་པ། ཏང་གི་འཆི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད་པ་བཅས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་འཇུག་སྒོ་དང་སྐུལ་སློང་བཀའ་རྒྱར་བྱས་ནས། “ལྕེ་རྩེའི་ཐོག་གི་ཆུད་ཟོས་”དང་“འདུ་གནས་ནང་གི་སྤྱོད་ངན་”“འཁོར་ལོའི་ཐོག་གི་རྒྱས་སྤྲོས་”བཅས་བཀག་འགོག་ནན་པོ་བྱས་ཏེ། མང་ཚོགས་ཀྱི་སེམས་གཏིང་ནས་ཞེན་པ་ལོག་པའི་གནད་དོན་མངོན་གསལ་དོད་པོ་ནས་འགོ་བཙུགས་ཏེ། ཆབ་སྲིད་ཀྱི་བློ་སྟོབས་དང་ལོ་རྒྱུས་ཀྱི་འགན་འཁྲི་ཆེན་པོར་བརྟེན་ནས་སྤྱོད་ཚུལ་ལེགས་གཏོང་དང་། སྒྲིག་ཁྲིམས་ནན་གཏོང་། རུལ་སུངས་ལ་ངོ་རྒོལ་བཅས་བྱས་ཡོད།
ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཉིས་ཕན་ཚུན་རྟེན་གཞི་བརྟེན་ཆོས་སུ་འགྱུར་བ་དང་། འབྱུང་རྩ་འབྱུང་ཁུངས་གཅིག་པ་ཡིན། ཚུལ་མིན་སྤྱོད་ཚུལ་ལས་རུལ་སུངས་ཀྱི་གནད་དོན་ཐོན་སྲིད་པ་དང་། རུལ་སུངས་གནད་དོན་གྱིས་ཚུལ་མིན་སྤྱོད་ཚུལ་དེ་བས་ཚབས་ཆེ་རུ་འགྲོ་སྲིད། རུལ་སུངས་ལ་ངོ་རྒོལ་བྱེད་པ་དེ་ཕམ་ཁ་ལེན་མི་ཐུབ་ལ་རྩ་བ་ནས་ཕམ་མི་རུང་བའི་འཐབ་རྩོད་གལ་ཆེན་ཞིག་རེད།
དུས་རབས་གསར་པར་སླེབས་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ནང་གནས་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་ཤུགས་ཆེ་རུ་གཏོང་བ། རུལ་སུངས་བྱེད་མི་ཐུབ་པའི་རླུང་ཙི་དམ་དུ་བཏང་བ། རུལ་སུངས་བྱེད་མི་འདོད་པའི་ཆུ་རགས་བསྐྲུན་པ། དེ་གསུམ་གྱི་ནང་གནས་འབྲེལ་བ་སྦྲེལ་མཐུད་ཐུབ་པ་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བར་ཚན་རིག་གི་མཐུན་པའི་མཛུབ་ཁྲིད་དང་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ “མཐའ་འཁྱོངས་བྱེད་དགོས་པ་བཅུ་བཞི་”ཡི་ནང་དོན་གཙོ་བོ་དེའི་ནང་གི་གཅིག་ནི་“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་”དེ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་བྱེད་ཕྱོགས་ཤིག་ཡིན་པ་མ་ཟད། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཇུས་གཞི་གལ་ཆེན་ཞིག་ཀྱང་རེད། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་དང་ཕན་ཚུན་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཧྲིལ་པོ་ཞིག་ཡིན་པས། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་མཉམ་འགུལ་བྱས་ནས། སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།
རུལ་སུངས་བྱེད་མི་ཕོད་པར་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་སྟེ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སུ་གཅིག་སྡུད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པར་སླེབས་ཚུན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཤུགས་ཚད་དང་གཞི་ཁྱོན་དེ་འཇིག་རྟེན་ཐོག་ཐོན་མྱོང་མེད་པ་དང་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་མ་འཚོགས་གོང་བར། ཀྲུང་དབྱང་ནས་ཐད་ཀར་དོ་དམ་བྱེད་པའི་ལས་བྱེད་500ལྷག་ལ་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བརྟག་དཔྱད་བྱས་པ་དང་། 2023ལོར་ལས་བྱེད་པ་87དང་། 2024ལོར་ལས་བྱེད་པ་92། 2025ལོར་ལས་བྱེད་པ་181བཅས་ལ་ཁག་སོ་སོར་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཨུད་ཀྱིས་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས་ཡོད་པ་རེད། ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་གྱོད་དོན་ཁྲི་53.8ཐོ་འགོད་བྱས་པ་དང་། མི་ཁྲི་41.2ལ་ཆད་པ་བཅད་ཡོད། གྲངས་གཞི་དེ་དག་གི་ཐོག་ནས། ཤུགས་ཚད་ཆུང་དུ་བཏང་མེད་པ་དང་ཚད་གཞི་ལྷུག་ཏུ་བཏང་མེད་པའི་རྣམ་པ་གསལ་པོར་མཐོང་ཐུབ། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཨུད་གྱོད་དོན་ལྟ་སྐུལ་དོ་དམ་ཁང་གི་ཀྲུའུ་རིན་གཞོན་པ་སུན་སུང་ཐའོ་ཡིས། འགེབས་སྲུང་གི་གནས་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། བཀག་འགོག་ལ་སྣང་ཆེན་དང་། མཐོ་གནོན་ལ་ཤུགས་རྒྱག་པ། ཡུན་རིང་གཟིལ་གནོན་བཅས་རྒྱུན་འཁྱོངས་བྱས་ནས། སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གྱོད་དཔེ་ཁག་གཅིག་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། སྒྲིག་བསྟར་ཁྲིམས་འཛིན་བྱེད་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པའི་ཆོད་སེམས་ཆེ་རུ་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། ནུས་རྒྱུ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་བཅོས་སྒྲིག་ཏན་ཏིག་བྱས་ནས། མ་ལག་རང་བཞིན་གྱི་རུལ་སུངས་ཀྱི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སེལ་དགོས་ཞེས་གསུངས་ཡོད།
ལྟ་སྐུལ་གཅུན་སྡོམ་ལ་ཤུགས་སྣོན་རྒྱག་པ་དང་། རུལ་སུངས་བྱེད་མི་ཐུབ་པའི་ལམ་ལུགས་གྲུབ་འབྲས་ལ་བརྟེན་ནས་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་འདོད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། 2025ལོའི་ཟླ་6པར། བཟོ་བཅོས་བརྒྱབ་པའི་རྗེས་ཀྱི་ལྟ་ཞིབ་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་མཉམ་དུ་ལག་ལེན་བསྟར་ཡོད། བཟོ་བཅོས་བརྒྱབ་པའི་རྗེས་ཀྱི་ལྟ་ཞིབ་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་གིས། ལྟ་ཞིབ་ཀྱི་དབང་ཚད་སྔར་བས་ཆེ་རུ་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་འཐུས་ཚང་དུ་བཏང་བ་དང་། ལྟ་ཞིབ་ཀྱི་ཕན་འབྲས་ཆེ་རུ་བཏང་ཡོད་པ་རེད།
བསམ་བློ་ནི་བྱ་སྤྱོད་ཀྱི་ཁྲིད་སྟོན་ཡིན། སྤྱོད་གཙང་གི་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་བསམ་བློའི་འབྱུང་རྩ་དག་སེལ་དང་གཞི་བརྟན་གསོ་སྐྱོང་བྱ་རྒྱུར་ཐུག་ཡོད། རིག་གནས་ཀྱི་ཤུགས་རྐྱེན་ཁྲོད་དུ་རུལ་སུངས་བྱེད་མི་འདོད་པའི་ཆུ་རགས་བརྟན་དུ་གཏོང་དགོས། ཉེ་བའི་ལོའི་རིང་། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་《དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ་ནས། ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད་ནང་དྲང་བདེན་གྱི་རིག་གནས་དང་སྤྱོད་གཙང་གི་རིག་གནས་དར་སྤེལ་གཏོང་རྒྱུ་བཏོན་པའི་བར། དེ་ནས་《དུས་རབས་གསར་པར་སྤྱོད་གཙང་རིག་གནས་འཛུགས་སྐྱོང་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་(2025-2027ལོ་)》གཏན་འབེབས་ཁྱབ་བསྒྲགས་བྱས་པ་སོགས་ཀྱི་བར། ཟམ་མི་ཆད་པར་འཐུས་ཚང་དུ་འགྲོ་བའི་རྩེ་རིམ་ཇུས་བཀོད་ཀྱིས་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་སྔར་བས་གཞི་འཛིན་ས་ཡོད་པ་བྱས་ཡོད།
རྒྱང་ལམ་གསར་པའི་ཐོག ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ནམ་ཡང་གདོང་མཆོང་དུང་བརྡ་སྒྲོག་པའི་ཆོད་སེམས་ལ་བརྟེན་ནས། ཕྱོགས་གཅིག་ནས་མཐོ་གནོན་ཆད་གཅོད་ལ་དམ་འཛིན་དང་གཟིལ་གནོན་གྱི་མཐའ་ཐིག་བརྟན་དུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་འབྱུང་རྩའི་བཅོས་སྒྲིག་ལ་དམ་འཛིན་དང་རུལ་སུངས་ཀྱི་འབྱུང་རྩ་མེད་པར་བཟོས་ཐོག རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྟོལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་གསར་པར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྲུང་སྐྱེལ་བྱེད་བཞིན་ཡོད།
