རྩོམ་པ་པོ་ཀུན་བཟང་རྣམ་རྒྱལ་གྱི་ལྷུག་རྩོམ་གྱི་དཔེ་དེབ་གསར་པ《ལང་ཚོའི་ཕྱིར་རྟོག》ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

ཉེ་ཆར། ཀུན་བཟང་རྣམ་རྒྱལ་ལགས་ཀྱི་ལྷུག་རྩོམ་ཕྱོགས་བསྒྲིགས《ལང་ཚོའི་ཕྱིར་རྟོག》ཅེས་པ་དངོས་སུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་འདུག །

དེབ་འདི་ནི་རྩོམ་པ་པོས་ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་བྲིས་པའི་ལྷུག་རྩོམ་རྣམས་ལས་ལེགས་བཏུས་བྱས་པ་ཞིག་སྟེ། དེ་དག་ལས་མང་པོ་ཞིག《མི་རིགས་ཀྱི་རྩོམ་རིག》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ཟླ་ཟེར》《གངས་རྒྱན་མེ་ཏོག》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《གངས་ལྗོངས་ཉི་གཞོན》《མི་རིགས》སོགས་དུས་དེབ་དང་ཚགས་པར་ཁག་ཏུ་བཀོད་མྱོང་བ་དང་། བརྗོད་བྱའི་ནང་དོན་གྱི་ཆ་ནས་གཙོ་བོར་རྩོམ་པ་པོ་རང་ཉིད་ཀྱི་བྱིས་དུས་ཀྱི་འཚོ་བར་ཕྱིར་དྲན་དང་ཕ་ཡུལ་གྱི་རི་ལུང་ཐང་གསུམ་ལ་བཅངས་པའི་བརྩེ་སེམས་ལྷད་མེད་མཚོན་པར་བྱས་ཡོད། མ་གཞི་ནས་འདས་པའི་བྱ་གཞག་དང་ལས་དོན་ཡོད་ཚད་ནི་ད་ལྟའི་གནས་བབ་ཀྱི་རྨང་གཞི་ཡིན་པས། ཅིས་ཀྱང་དྲན་འོས་ཤིང་དྲན་ཡང་དགོས་པ་ཞིག་ཡིན་ལ། སྔོན་སོང་གི་ཁོར་ཡུག་ལ་ཕྱིར་མིག་བལྟས་ན་ད་གཟོད་ད་ལྟའི་ལས་དོན་དང་འཚོ་བ་ལ་དམ་འཛིན་བྱེད་ཤེས། མི་ཚེ་ནི་དུས་གསུམ་ལས་གྲུབ་ཅིང་སྔ་མ་སྔ་མ་ནི་ཕྱི་མ་ཕྱི་མའི་རྩ་དོན་ཡིན་པས་སུ་ཡིན་ཡང་འདས་དོན་ལ་བསམ་གཞིག་བྱས་ནས་ད་ལྟའི་གནས་བབ་ལ་ལེགས་སྤེལ་ཉེས་འགོག་ཤེས་དགོས། དེས་ན་འདི་ལྟ་བུའི་དེབ་ཅིག་ནི་སོ་སོའི་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་ངེས་པར་དགོས་ཤིང་གལ་ཆེ་བར་མཐོང་།

ཀུན་བཟང་རྣམ་རྒྱལ། ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ་ཁམས་སྡེ་དགེ་རྫོགས་ཆེན་དུ་སྐྱེས། སློབ་གྲྭ་ཆུང་འབྲིང་སོགས་རིམ་གྱིས་འགྲིམས་ཏེ་2006ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས་ཤིང་། རྩོམ་རིག་དང་གསོ་རིག་ལ་ཆེད་སྦྱོང་བྱས། ཞོར་དུ་ལོ་གསུམ་གྱི་རིང་ལ་སློབ་གྲྭའི་སྙན་སྒྲོན་པ་དང་གསོ་རིག་ཆེད་དེབ《གཡུ་ཐོག་འབོད་སྐུལ》གྱི་རྩོམ་སྒྲིག་པའི་འགན་ཁུར། ད་ལྟ་སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། དཀར་མཛེས་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དཀར་མཛེས་ཁུལ་ལོ་ཙཱ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དུས་དེབ《གངས་དཀར་རི་བོ》ཡི་གཙོ་སྒྲིག་པ་གཞོན་པ་དང་བོད་ཡིག་པར་མའི་ལག་བསྟར་གཙོ་སྒྲིག་པ་བཅས་ཀྱི་འགན་འཁུར་བཞིན་ཡོད། བརྩམས་ཆོས་འགའ་རེ《མི་རིགས་ཀྱི་རྩོམ་རིག》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ཟླ་ཟེར》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《གངས་ལྗོངས་ཉི་གཞོན》《མི་རིགས》སོགས་སུ་བཀོད་མྱོང་།
