མཛོད་དགེ་རྫོང་གིས་འབར་སླ་བའི་དངོས་པོ་གཙང་ཕྱག་བྱས་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་ནགས་རྩྭའི་མེ་འགོག་སྲུང་ཡོལ་བརྟན་པོ་བསྐྲུན།

མེ་འགོག་དུས་སྐབས་གསར་པའི་མེ་འགོག་ལས་དོན་ཡག་པོ་བསྒྲུབས་ནས་ནགས་ཚལ་གྱི་འབར་སླ་བའི་དངོས་པོ་ཇེ་ཉུང་དུ་གཏོང་བ་དང་། མགོ་ཁུངས་ནས་མེ་སྐྱོན་འབྱུང་རྐྱེན་སེལ་ནས། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་ཆེད། ཉེ་ཆར། མཛོད་དགེ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་ཡུལ་གྲོང་ཁག་དང་གཞུང་དབང་ནགས་ཚལ་དོ་དམ་ས་ཚིགས། དེ་མིན་འབྲེལ་ཡོད་ལས་ཁུངས་བཅས་སྒྲིག་འཛུགས་བྱས་ནས། ནགས་ཚལ་རྩྭ་ཐང་གི་གཙོ་གནད་ས་ཁུལ་དུ་འབར་སླ་བའི་དངོས་པོ་གཙང་ཕྱག་བྱེད་པའི་བྱ་འགུལ་སྤེལ།

ཆེད་དོན་བྱ་འགུལ་དེ་རུ་འབེན་ཕྱོགས་བཅོས་སྐྱོང་མཐའ་འཁྱོངས་བྱས་ནས། “མཐའ་འཁོར་ལྔ་དང་འགྲམ་རྒྱུད་ལྔ” གློག་འདྲེན་སྐུད་ལམ། བསང་ཕུད་གནས། དགོན་པ། ནགས་ཁུལ་གྱི་ལམ་འགྲམ། ནགས་མཐའ་རུ་ཆགས་པའི་སྡེ་པ་སོགས་ཉེན་ཁ་ཆེ་ཁུལ་དུ་མི་དང་འཕྲུལ་ཆས་གཉིས་ལ་བརྟེན་ནས་ལོ་མ་དང་རྩྭ་ལྡུམ་སྐམ་པོ་སོགས་འབར་སླ་བའི་དངོས་པོ་ཁྱོན་ཡོངས་ནས་གཙང་ཕྱག་བྱས། དུས་མཚུངས་སུ་མེ་འགོག་ཁུལ་གསར་འབེབས་བྱས་ནས་གཙང་སེལ་ལས་ཀའི་ཚད་གཞི་ལྟར་ཆད་ལུས་མེད་པར་འབར་སླ་བའི་དངོས་པོ་གཙང་ཕྱག་བྱས་ཏེ། མེ་སྐྱོན་བྱུང་འཕྲལ་མེ་ལྕེ་ཆེས་ཆེར་མཆེད་པ་གཏན་འགོག་བྱས།

སྒྲིག་འཛུགས་ཁྲོད་དྲ་མིག་དོ་དམ་པའི་ལྟ་སྐུལ་འགན་འཁྲི་ཇེ་ནན་དུ་བཏང་ནས་སྐྱེ་ཁམས་ནགས་སྲུང་པ་དང་གྲོང་སྡེའི་ལྟ་སྐུལ་སྟོབས་ཤུགས། ཨར་སྐྲུན་དཔུང་སྡེ་བཅས་ཕན་ཚུན་མཐུན་སྦྱོར་བྱས་ཏེ། མེ་སྐྱོན་གྱི་ཉེན་ཁ་འབྱུང་རྐྱེན་ཐོ་ཡིག་ཏུ་བཀོད་ནས་རེ་རེ་བཞིན་གཙང་སེལ་བཅོས་སྒྲིག་བྱས། གནོད་རྐྱེན་མཐོང་ཚེ་རིམ་བཤེར་དང་བཅོས་སྒྲིག །རྩིས་བཤེར་སོགས་རང་ངོས་ནས་དག་ཐེར་བྱེད་པ་མངོན་འགྱུར་བྱུང་། གཞུང་དབང་ནགས་ཚལ་ས་ཚིགས་སོ་སོས་ལས་བགོས་ས་ཁུལ་དུ་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་ལས་སྒྲུབ་རིམ་པ་ཚད་ལྡན་དུ་བཏང་བ་དང་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་ནན་མོ་བྱས། “ནགས་གློག་མཉམ་བཅོས”ཟབ་སྤེལ་སྒོས་གློག་ཤུགས་སྡེ་ཁག་དང་མཉམ་དུ་སྐུད་ལམ་དང་ནགས་ཁུལ་གྱི་འབར་སླ་བའི་དངོས་པོ་རྩག་རྩིག་བཅོས་སྒྲིག་བྱས་ནས། གློག་ཤུགས་སྐུད་ལམ་གྱི་རྐྱེན་པས་མེ་སྐྱོན་སློང་བའི་གནོད་རྐྱེན་རྦད་དེ་མེད་པར་བཏང་། ལས་སྒྲུབ་བྱ་ཡུལ་དུ་བོད་རྒྱ་སྐད་གཉིས་ཀྱི་མེ་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་འབྲོག་པ་མང་ཚོགས་ལ་འབར་སླ་བའི་དངོས་པོ་སྤངས་བའི་ཉེན་ཁ་དང་ཕྱི་རོལ་དུ་མེ་སྒྲོན་པ་གཏན་འགོག་བྱེད་པའི་སྲོག་ཡིག་བསྒྲགས་ནས། མང་ཚོགས་ལ་རང་འགུལ་གྱིས་ཁང་རའི་དངོས་པོ་རྩག་རྩིག་དང་འབྲོག་སའི་འབར་སླ་བའི་དངོས་པོ་གཙང་ཕྱག་བྱས་ནས། དམངས་ཡོངས་མེ་འགོག་གི་ལས་ལ་ཞུགས་ནས་ཐུན་མོང་གིས་བཅོས་སྒྲིག་བྱེད་པའི་ལས་རྣམ་གཏོད།
རྗེས་ཕྱོགས་སུ་མཛོད་དགེ་རྫོང་གིས་སྟོན་དགུན་དུས་ཚིགས་གཉིས་ཀྱི་མེ་འགོག་དུས་སྐབས་དམ་འཛིན་བྱས་ནས། འབར་སླ་བའི་དངོས་པོ་གཙང་ཕྱག་བྱེད་པའི“ཕྱིར་ལྟའི”ལས་དོན་སྤེལ་བཞིན་མེ་སྐྱོན་འབྱུང་རྐྱེན་གསར་པ་བཅོས་སྒྲིག་བྱས་ནས། གནོད་འགོག་གྲུབ་འབྲས་ཇེ་བརྟན་དུ་གཏོང་ངེས། དེ་མིན་མེ་ཁུངས་དོ་དམ་ཚོད་འཛིན་དང་། སྐོར་སྲུང་ལས་རེས། དྲིལ་བསྒྲགས་ཉེན་བརྡ་གཏོང་བ་སོགས་རྒྱུན་རྣམ་ཅན་གྱི་ལས་དོན་སྤེལ་ནས། ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་བདེ་འཇགས་ཀྱི་མཐའ་ཐིག་སྲུང་བཞིན། མཛོད་དགེའི་ནགས་ཚལ་རྩྭ་ཐང་དང་སྐྱེ་ཁམས་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ་རེད།
