དཀར་མཛེས་ཁུལ་གྱི་ཞབས་བྲོ་འདི་ཀྲུང་དབྱང་བརྙན་འཕྲིན་གར་སྟེགས་ཐོག་བསྐྱོད།

ཡོང་ཁུངས། དཀར་མཛེས་གཏོང་སྦྱོར་ལྟེ་གནས།
ལོ་ཙཱ། རྟ་མགྲིན་རྡོ་རྗེ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡༠ ཚེས་ ༢༦

སྤྱི་ཟླ་10པའི་ཚེས་20ཉིན། དཀར་མཛེས་ཁུལ་ནས་ཡོང་བའི་ན་གཞོན་བྲོ་པ་རྣམས་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱོགས་བསྡུས་སྒྱུ་རྩལ་འཕྲིན་ལམ《དམངས་ཡོངས་ཞབས་བྲོ》ཡི་གར་སྟེགས་ཐོག་བསྐྱོད་པ་རེད། དཀར་མཛེས་ཁུལ་གྱི་ན་གཞོན་ཞབས་བྲོ་བ་དག་གིས་འབའ་གཞས་དང་དཀར་མཛེས་རྡོག་བྲོ། ཨ་ཅེ་ལྷ་མོ་སོགས་རང་ཡུལ་གྱི་ཞབས་བྲོའི་གཞི་རྒྱུ་དེ་དེང་རབས་ཁྲོམ་བྲོའི་སྒྲིག་སྟངས་དང་མཉམ་འདྲེས་བྱས་ནས་མི་རིགས་ཀྱི་ཁྲག་རྒྱུན་འདྲེས་པའི་སྲོལ་རྒྱུན་གྱི་དབྱངས་སྦྱོར་དང་དེང་རབས་ཀྱི་རླབས་རྒྱུན་བར་རང་ཤུགས་ཀྱིས་འབྲེལ་མཐུད་བྱས་ནས་དམིགས་བསལ་གྱི་གར་སྟེགས་ཁྱད་ཆོས་མངོན་པ་རེད།

དེ་སྔོན། ཞབས་བྲོ་རུ་ཁག་འདིས《དམངས་ཡོངས་ཞབས་བྲོ》ཡི་ལེ་ཚན་འགྲན་སྡུར་ཁྲོད་དུས་ཚིགས་ཀྱི་ཨང་དང་པོ་བླངས་པ་དང་འབྲེལ་ལོ་འཁོར་ལེ་ཚན་འགྲེམས་སྟོན་གྱི་ཐོབ་ཐང་ཡང་ཐོབ་པ་རེད། ཐེངས་འདིར་བརྙན་ལམ་ནས་བཏང་བའི་གདོད་རྩོམ《རི་ཐང་གི་གླུ་གཞས》ནི་སློབ་མ་ཚོས་དུས་ཡུན་རིང་པོར་སྦྱངས་རྗེས་རྒྱལ་ཡོངས་ཀྱི་ལྟད་མོ་བར་ཕྱོགས་པའི་འགྲེམས་སྟོན་ཆ་ཚང་ཞིག་ཡིན་ཞིང་། དེར་དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཞབས་བྲོའི་གདོད་མའི་ཁྱད་ཆོས་ལྡན་པར་མ་ཟད། ན་གཞོན་རྣམས་ཀྱིས་གསར་གཏོད་ཀྱི་ཁྱད་ཆོས་མངོན་ནས་རྒྱལ་ཡོངས་ཀྱི་ལྟད་མོ་བར་དཀར་མཛེས་ཁུལ་གྱི་རིག་གནས་བརྒྱུད་འཛིན་དང་གསར་གཏོད་ཀྱི་སྟོབས་ཤུགས་ཐད་ཀར་མངོན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རུ་ཁག་འདི་ནི་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཐོན་སློབ་མ་དང་སློབ་གྲྭར་ཡོད་པའི་སློབ་མ་ལས་གྲུབ་པའི་ཞབས་བྲོ་ཚོགས་པ་ཞིག་ཡིན་པ་རེད། ཁོ་ཚོ་ནི་སློབ་གྲྭའི་སྒྱུ་རྩལ་སློབ་ཁྲིད་མ་ལག་ལ་བརྟེན་ནས་འཚར་ལོངས་བྱུང་བ་དང་། ཁུལ་ཕྱི་ནང་གི་འགྲེམས་སྟོན་གར་སྟེགས་སྣ་ཚོགས་ཐོག་ཐེངས་མང་ཞུགས་ནས་སློབ་གྲྭའི་སྒྱུ་རྩལ་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཕན་འབྲས་དང་སློབ་ཁྲིད་ཀྱི་གྲུབ་འབྲས་གང་ལེགས་མངོན་པ་རེད།

མིག་སྔར། ཚོགས་པ《དམངས་ཡོངས་ཀྱི་ཞབས་བྲོ》ཡི་ལོ་འཁོར་འགྲེམས་སྟོན་གྲ་སྒྲིག་དུས་མཚམས་སུ་སླེབས་པ་དང་རྗེས་མཐུད་ལེགས་གཏོང་རིམ་སྤོར་བྱས་རྗེས་ཀྱི་གདོད་རྩོམ་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལོ་འཁོར་གར་སྟེགས་ཐོག་ནས་མངོན་རྒྱུ་ཡིན་པ་རེད།