ཞི་ཅིན་ཕིང་ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ།
ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་ཟབ་རྒྱས་ངང་སྐོང་འཚོགས་བྱས་པ་དང་།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།
ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ། ཀྲའོ་ལེ་ཅིས་གཙོ་སྐྱོང་གནང་བ།

ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་ཚེས་22ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཆེན་མོར་ཟབ་རྒྱས་ངང་སྐོང་འཚོགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། ཁོང་གིས། ལོ་རྒྱུས་ཀྱིས་འབྱུང་འགྱུར་གཏོད་ཐུབ་པ་བློ་ལ་བརྟན་པོར་ངེས་དགོས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཐོག རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མུ་མཐུད་འབད་འཐབ་དང་དཀའ་སྤྱད་མདུན་སྐྱོད་བྱེད་པ། གསར་བརྗེ་པ་རྒན་རབས་ཚོས་བཏོད་གནང་བའི་བྱ་གཞག་རླབས་པོ་ཆེ་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་སྤེལ་ཤུགས་ཆེན་གཏོང་བ་བཅས་ཀྱིས། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་འབད་བརྩོན་ཆེན་པོས་འོད་སྟོང་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུད་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས་པ།
མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ནི་རྔམ་བརྗིད་དང་སྤྲོ་སྣང་གི་རྣམ་པས་ཁེངས། ཀྲུའུ་ཞི་སྟེགས་བུའི་ཐོད་དུ“ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན”ཞེས་པའི་ཚོགས་རྟགས་བཀལ་ཡོད་པ་དང་། རྒྱབ་ཕྱོགས་ཀྱི་དཀྱིལ་དབུས་ནི་དམར་མདངས་རབ་ཏུ་འཚེར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་ཡིན་པ། ཏང་རྟགས་ཀྱི་འོག་ཏུ“1936—2026”ཞེས་པའི་ལོ་རྟགས་ཡིན་ཞིང་། དར་དམར་10གཞོགས་གཉིས་སུ་གལ་འགྲིགས་པོས་སྒྲིག་ཡོད། ཐོག་བརྩེགས་གཉིས་པའི་གཟིགས་སྟེགས་སུ་སྦྱར་ཡིག“བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཡག་པོ་བསྐྱོད་པ་བཅས་ཀྱིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས”ཞེས་པ་བཀལ་ཡོད།
སྔ་དྲོའི་ཆུ་ཚོད་10ཙམ་ལ། ཀྲའོ་ལེ་ཅིས་དྲན་གསོའི་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད།


སྤྲོ་སེམས་འཁོལ་བའི་ཐལ་མོའི་བརྡེབས་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ། དམར་དམག་ལ་སྣེ་ཁྲིད་མཛད་དེ་རྒྱང་སྐྱོད་ཀྱི་ལོ་རྒྱུས་བྱ་གཞག་རླབས་ཆེན་འདི་བཏོད་མཁན་གྱི་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ཀྲུའུ་ཏེ་སོགས་གསར་བརྗེ་མཁས་པ་རྒན་རབས་པ་ཚོ་དང་། རྒྱང་སྐྱོད་ཀྱི་ལམ་བར་དུ་ཁྲག་བཏོན་དམར་འཛིང་དང་ས་གནས་ཁག་ཏུ་གསར་བརྗེའི་འཐབ་རྩོད་རྒྱུན་འཁྱོངས་བྱེད་མཁན་གྱི་དམར་དམག་གི་བཀོད་འཐབ་པ། སྐབས་དེ་དུས་དམར་དམག་རྒྱང་སྐྱོད་ལ་རོགས་སྐྱོར་བྱེད་མཁན་མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་གསར་བརྗེའི་རྟེན་གཞིའི་མི་དམངས། ད་ལྟ་སྐུ་འཚོ་ཞུགས་ཀྱི་དམར་དམག་གི་འཐབ་འཛིང་པ་རྒན་གྲས་ཡོངས་བཅས་ལ་བླ་ན་མེད་པའི་གུས་འདུས་ཞུས་གནང་ཡོད། ཁོང་གིས་ཚང་མ་ཡར་བཞེངས་ནས་རྒྱང་སྐྱོད་ཀྱི་ལམ་བུ་དང་གསར་བརྗེའི་འཐབ་རྩོད་ཁག་གི་ཁྲོད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་གནང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོར་ངག་གདམ་ནས་མྱ་ངན་ཞུ་རྒྱུའི་གྲོས་འགོ་བཏོན་གནང་ཡོད།
ཞི་ཅིན་ཕིང་གིས། 1934ལོའི་ཟླ་10པ་ནས་1936ལོའི་ཟླ་10པའི་བར། རང་རེའི་ཏང་གིས་དམར་དམག་དམག་ཕྱོགས་དང་པོ་དང་དམག་ཕྱོགས་གཉིས་པ། དམག་ཕྱོགས་བཞི་པ། ཅུན་ཤོག་ཉེར་ལྔ་པ་བཅས་ལ་འགོ་ཁྲིད་དེ་འཛམ་གླིང་ཐོག་སྙན་པའི་བ་དན་གཡོ་བ་དང་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་པའི་རླབས་ཆེན་གྱི་རྒྱང་སྐྱོད་བྱས་ཡོད། དམར་དམག་གི་རྒྱང་སྐྱོད་དེ་ཞིང་ཆེན་བཅུ་ལྷག་ཙམ་ལས་བརྒལ་ཞིང་། ལེ་དབར་ཉིས་ཁྲི་ལྔ་སྟོང་བསྐྱོད་མཐར། དགྲ་དམག་ས་ཡ་ལྷག་ཙམ་གྱི་སྐོར་འདེད་དང་བཀག་འགོག་ཐལ་བའི་རྡུལ་དུ་བརླགས་པས། གོ་མིན་ཏང་ལོག་སྤྱོད་ཕྱོགས་ཤོག་ཁག་གིས་ཀྲུང་གོ་གུང་ཁྲན་ཏང་དང་དམར་དམག་རྩ་མེད་དུ་གཏོང་བའི་ལྐོག་གཡོ་རྩ་བ་ནས་ཕམ་ཉེས་སུ་བཏང་བ་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཁའི་ངང་བྱང་ཕྱོགས་སུ་ལྗར་འགོག་གི་འཐབ་ཇུས་སྤོ་སྒྱུར་བྱ་རྒྱུ་མངོན་འགྱུར་བྱུང་སྟེ། ཀྲུང་གོའི་གསར་བརྗེའི་རྣམ་པ་གསར་རྐྱང་ཞིག་བཏོད་ཡོད། གནམ་ས་འགུལ་བར་ནུས་པའི་གསར་བརྗེའི་བྱ་སྤྱོད་རླབས་པོ་ཆེ་འདི་ནི་རང་རེའི་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ལོ་རྒྱུས་ཐོག་དོན་སྙིང་རླབས་ཆེན་ལྡན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། བརྗིད་ཉམས་ལྡན་པའི་དཔའ་བོའི་ལོ་རྒྱུས་སྙན་ངག་འདི་ཀྲུང་གོའི་གསར་བརྗེའི་རྡོ་རིང་ཐོག་ནམ་ཡང་བརྐོས་ཡོད་ལ། མི་དམངས་དུང་ཕྱུར་མང་པོའི་སེམས་སུ་ནམ་ཡང་བརྟན་པོར་ངེས་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ་ནི་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་ཉམས་ལེན་བྱ་ཆེད་ཡིན། ལོ་ངོ་90སོང་རྗེས་ཀྱི་དེང་གི་དུས་འདིར། དཀའ་སྡུག་ཆེ་ལ་འོད་སྟོང་འབར་བའི་ལོ་ཟླ་དེར་སླར་ཡང་ཕྱིར་བལྟས་བྱས་ཚེ། ང་ཚོས་ངོས་འཛིན་གཏིང་ཟབ་ཐུབ་པ་ཞིག་ནི། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་ནི་ལྡོག་མེད་ཅིག་ཡིན་པ་དང་། དེའི་ནང་ཏང་དང་མི་དམངས་དམག་དཔུང་གི་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་རྒྱལ་ཁའི་ཐབས་ལམ་འདུས་ཡོད། རླབས་ཆེན་གྱི་རྒྱལ་ཁའི་ལམ་བུ་འདི་ནི་ཏང་གི་ཡང་དག་པའི་འགོ་ཁྲིད་ལ་བརྟེན་ནས་བསྐྱོད་པ་ཞིག་ཡིན་ཞིང་། ཏང་གི་ཡང་དག་པའི་འགོ་ཁྲིད་དང་བློ་མཐུན་མའོ་ཙེ་ཏུང་གི་སྲོག་ཤིང་གོ་གནས་གཏན་འཁེལ་བྱས་པ་དེ་ནི་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པའི་ངོས་ནས་བཤད་ན་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ཞིག་རེད། རླབས་ཆེན་གྱི་རྒྱལ་ཁའི་བགྲོད་ལམ་འདི་ནི་བློ་བརྟན་འགྱུར་མེད་ཀྱི་གསར་བརྗེའི་འདུ་ཤེས་ལ་བརྟེན་ནས་བསྐྱོད་པ་ཞིག་ཡིན་ཞིང་། གསར་བརྗེའི་ཕུགས་བསམ་དང་གསར་བརྗེའི་དད་སེམས་ལས་དགྲ་ལས་རྣམ་པར་རྒྱལ་བ་དང་རི་ཀླུང་འགུལ་བར་བྱེད་པའི་འཛད་མེད་སྟོབས་ཤུགས་འབྱུང་བ་དང་། བླ་ན་མེད་པའི་ཕུགས་བསམ་དང་བློ་བརྟན་འགྱུར་མེད་ཀྱི་དད་སེམས་ལྡན་པའི་དཔུང་སྡེ་ནི་ཀུན་ལས་རྣམ་པ་རྒྱལ་ཁབ་ཞིག་རེད། རླབས་ཆེན་གྱི་རྒྱལ་ཁའི་བགྲོད་ལམ་འདི་ནི་རང་བཙན་རང་བདག་དང་དངོས་ཐོག་བདེན་འཚོལ་ལ་བརྟེན་ནས་བསྐྱོད་པ་ཞིག་ཡིན་ཞིང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ན། གཞི་ནས་ཀྲུང་གོའི་གནད་དོན་ཐག་གཅོད་ཐུབ་པ་དང་། གཞི་ནས་སྐྱེ་སྟོབས་ཆེན་པོ་མངོན་ཐུབ། རླབས་ཆེན་གྱི་རྒྱལ་ཁའི་བགྲོད་ལམ་འདི་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བསྐྱོད་པ་ཞིག་ཡིན་ཞིང་། མི་དམངས་མང་ཚོགས་ནི་ནམ་ཡང་ཏང་དང་མི་དམངས་དམག་དཔུང་གི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དང་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན་པས། ང་ཚོས་མི་དམངས་ཁྲོད་རྩ་བ་གཏིང་ཟབ་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱས་ན། ཏང་གི་བྱ་གཞག་བར་མེད་མདུན་སྐྱོད་ཐུབ་ཅིང་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། དམར་དམག་གི་རྒྱང་སྐྱོད་ཀྱིས་སྤྱིར་བཏང་མ་ཡིན་པའི་མི་ཡུལ་གྱི་ངོ་མཚར་བཏོད་པ་དང་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་བཏོད་ཡོད། སྙིང་སྟོབས་གནས་ས་ནི་སྟོབས་ཤུགས་གནས་ས་ཡིན། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཀྱིས་ལྷག་བསམ་རྣམ་དག་གི་སྟོབས་ཤུགས་དང་། བདེན་དོན་གྱི་སྟོབས་ཤུགས། དྲང་བདེན་གྱི་སྟོབས་ཤུགས། མཐུན་སྒྲིལ་གྱི་སྟོབས་ཤུགས་བཅས་གང་ལེགས་མངོན་ཡོད། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཡུལ་དུས་ལས་བརྒལ་ཞིང་། ཉམས་པ་མེད་པ་ཞིག་ཡིན་པས། དེ་ནི་ནམ་ཡང་ང་ཚོར་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བའི་རྒྱུ་ནོར་རྩ་ཆེན་དང་སྒུལ་ཤུགས་ཆེན་པོ་ཡིན་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱང་སྐྱོད་ཀྱི་ལོ་རྒྱུས་མཇུག་སྒྲིལ་མྱོང་མེད་ལ། རྒྱང་སྐྱོད་ཀྱི་ལམ་བུ་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་བཞིན་ཡོད། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90སོང་ཚུན། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་རླབས་ཆེའི་རྒྱང་སྐྱོད་ཡང་ཡང་བྱས་ཏེ། རླབས་ཆེའི་རྒྱལ་ཁ་གཅིག་མཇུག་གཉིས་མཐུད་ངང་བླངས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཚར་བ་བྱེད་པའི་ལོ་བརྒྱ་ཐམ་པའི་འབད་འཐབ་དམིགས་འབེན་དང་པོ་དུས་བཀག་ལྟར་མངོན་འགྱུར་བྱུང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཞིང་། ང་ཚོས་རྒྱང་ལམ་གསར་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་སྐྲུན་ཚར་བ་བྱེད་པ་དང་ལོ་བརྒྱ་ཐམ་པའི་འབད་འཐབ་དམིགས་འབེན་གཉིས་པ་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱང་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་དང་། ཏང་དང་མི་དམངས་ཀྱི་རྒྱང་སྐྱོད་གསར་པ་ཞིག་ཡིན། རླབས་ཆེའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱང་ལམ་གསར་པའི་ཐོག་ཡག་པོ་བསྐྱོད་པར་ངེས་པར་དུ་ཏང་གི་ཕུགས་བསམ་དད་སེམས་དང་དམིགས་ཡུལ་བརྟན་སྲུང་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་བཅས་བྱས་ནས། མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་རླབས་ཆེའི་བྱ་གཞག་གསར་པ་གཏོད་དགོས། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། “གནས་ལྔ་གཞི་གཅིག”གི་སྤྱི་ཡོངས་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་འབོར་ཚད་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བ་བྱེད་དགོས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་བྱེད་ཕོད་པ་དང་། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ཡག་པ་བྱེད་པ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་། ཉེན་ཁ་ལས་རྣམ་པར་རྒྱལ་བ། འགྲན་སློང་བསུ་བ་བཅས་བྱས་ཏེ། ཀྲུང་ཧྭ་བསྐྱར་དར་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་དེ་རླུང་བརྟེན་རླབས་གཤག་དང་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་འགན་ལེན་བྱེད་དགོས། ངེས་པར་དུ་མི་དམངས་དམག་དཔུང་དེ་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མགྱོགས་མྱུར་འཛུགས་སྐྱོང་བྱེད་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་ལྟོས་མེད་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་ཡོང་བ་བཅས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་སྤུས་ཚད་མཐོ་པོའི་སྒོ་ནས་སྐུལ་འདེད་གཏོང་དགོས། ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་རྒྱུན་བསྲིངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ། ཏང་གི་རང་ངོས་དག་ཐེར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བཅས་བྱས་ཏེ། ཏང་དེ་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་རྒྱུར་འགན་ལེན་བྱེད་དགོས་ཞེས་བསྟན་གནང་ཡོད།
ཀྲའོ་ལེ་ཅི་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་རང་རེའི་ཏང་གིས་དམར་དམག་གི་འགོ་ཁྲིད་ནས་རྒྱང་སྐྱོད་བྱས་པའི་རླབས་ཆེའི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་དྲན་དང་། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པའི་རླབས་ཆེའི་དོན་སྙིང་ལ་ཕྱོགས་བསྡོམས་གནང་བ་དང་། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པའི་ཁྲོད་ཏང་དང་མི་དམངས་དམག་དཔུང་གིས་ཞུམ་མེད་མདུན་སྐྱོད་ཀྱིས་རྒྱལ་ཁ་ལེན་པའི་ཐབས་ལམ་འདུས་པ་བསྟན་གནང་བ། རླབས་ཆེའི་རྒྱང་སྐྱོད་སྙིང་སྟོབས་ཀྱི་ལོ་རྒྱུས་རིན་ཐང་གསལ་འགྲེལ་བཅས་གནང་ནས། རླབས་ཆེའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཡག་པོ་སྐྱོད་པའི་ཐད་ངེས་པར་དུ་“དགོས་ངེས་ལྔ”ཡི་བླང་ཆ་ཁ་གསལ་བཏོན་གནང་ཡོད། གསུང་བཤད་ལ་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཤུགས་ཆེན་ལྡན་ཡོད་པས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཆེ་རུ་གཏོང་བ་དང་། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པ་བྱེད་པ། རླབས་ཆེའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཡག་པོ་སྐྱོད་པ་བཅས་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འབུངས་ལྷོད་མེད་བྱེད་དགོས་ཞེས་བསྟན་གནང་ཡོད།
ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་དབྱངས་ཀྱི་འགྱུར་ཁུག་ཁྲོད་མཇུག་འགྲིལ་ཡོད།
པེ་ཅིང་དུ་བཞུགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཚོགས་ཆེན་ལ་ཞུགས་ཡོད།
ཀྲུང་དབྱང་གི་ཏང་སྲིད་དམག་དམངས་ཀྱི་ཚན་པ་ཁག་དང་། པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། དེ་བཞིན་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བློ་མཐུན་རྒན་གྲས་ཀྱི་འཐུས་མི། བཅིངས་གྲོལ་དམག་དང་དྲག་ཆས་ཉེན་རྟོགས་དཔུང་སྡེའི་དཔོན་དམག་གི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་ཁྱོན་མི་3000ལྷག་ཙམ་ཚོགས་ཆེན་ལ་ཞུགས་ཡོད།
