རླབས་ཆེའི་རྒྱང་སྐྱོད་སྙིང་སྟོབས་ལ་བརྟེན་ནས་མདུན་སྐྱོད་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་རབས་རེར་མི་རབས་རེའི་རྒྱང་སྐྱོད་ཀྱི་ལམ་བུ་རེ་ཡོད་པས། མི་ཚང་མས་རང་ཉིད་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས། ལེ་དབར་ཁྲི་ཡི་རྒྱང་སྐྱོད་ལམ་བུ་ནས་བསྐྱར་དར་གྱི་ལམ་བུའི་བར་དང་། དམག་འཁྲུག་གི་ལོ་ཟླ་ནས་དུས་རབས་ཀྱི་ལམ་བུ་གསར་པའི་བར། རླབས་ཆེན་གྱི་རྒྱང་སྐྱོད་ནམ་ཡང་མཚམས་འཇོག་མྱོང་མེད་ཅེས་བསྟན་གནང་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག མི་དམངས་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས། དུས་རབས་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་གཟི་བརྗིད་གསར་པ་ཟམ་མི་ཆད་པར་གཏོད་བཞིན་ཡོད།
ད་ལོའི་ཟླ་9ཚེས་6ཉིན། དམག་དུང་གི་སྒྲ་གྲགས་པ་དང་བསྟུན། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་G3998རུའེ་ཅིན་འབབ་ཚུགས་ནས་ཐོན་ཏེ་ལེ་དབར་སྟོང་ཕྲག་གི་སར་ཡོད་པའི་ཡན་ཨན་དུ་བསྐྱོད་པ་རེད། སྔོན་ཆད། དམར་དམག་གིས་ཕྲག་ཏུ་འགན་འཁྲི་ལྕི་མོ་འཁུར་བ་དང་། རྐང་པར་རྩྭ་ལྷམ་གྱོན་ནས། ལ་བརྒྱབ་ཀླུང་བཤགས་བྱས་ཡོད། ད་ཆ། མྱུར་བགྲོད་ལྕགས་ལམ་ས་གནས་དེ་གཉིས་བར་ཐད་ཀར་ཤར་གཏོང་ཐུབ་པ་དང་། ལམ་ཐག་སྤྱི་ལེ་1857དང་། ཆུ་ཚོད་11དང་སྐར་མ་32ལས་འགོར་གྱི་མེད། རྒྱལ་ཁབ་ལྕགས་ལམ་ཤིས་ཨན་ཅུས་ཡན་ཨན་མེ་འཁོར་ལམ་དུམ་གྱི་འགན་འཁུར་བ་གཞོན་པ་ཁྲང་ཅན་ཅུན་གྱིས། ད་ཐེངས་མེ་འཁོར་ཤར་གཏོང་ཐུབ་པ་དེས། ཡན་ཨན་ནས་ཤིས་ཨན་བར་དང་། ཤིས་ཨན་ནས་ཧྲི་ཡན་བར་སོགས་ཀྱི་ལམ་ཐག་ཐུང་བའི་འགྲུལ་པའི་འགྲོ་སྐྱོད་དགོས་མཁོ་སྐོང་བ་མ་ཟད། དེ་བས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱི་འབྲེལ་ཐག་བཙུགས་ནས་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་བརྗོད་འདུག
ལོ་ངོ་དགུ་བཅུ་ཡི་རིང་། ཀྲུང་གོ་འདི་ཉིད་དབུལ་ཕོངས་ཉམས་ཞན་དང་གཞན་གྱིས་མནར་གཅོད་མྱངས་པའི་དཀའ་གནས་ལས་ཐར་ཏེ། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་གྱུར་བའི་བར་དང་། དབུལ་ཞིང་ཕོངས་པ་དང་བརྙས་བཅོས་ཚད་མེད་མྱངས་པའི་སྡུག་བསྔལ་ཁྲོད་ནས་བསྐྱར་གསོན་ཐུབ་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བར་འཕེལ་རྒྱས་བྱུང་ཡོད། 2016ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བཏང་ནས། ད་ལྟའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས་ན། ངེས་པར་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས། ཐམས་ཅད་མི་དམངས་ཀྱི་ཆེད་དུ་དང་། ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཆེད་འབད་འཐབ་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་གནང་ཡོད།
རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དེ་ཡུལ་དུས་ལས་བརྒལ་བ་དང་། དམངས་ལ་བདེ་སྐྱིད་བསྐྲུན་པའི་ཤུགས་མཐུད་དབྱུག་པ་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ཡོད། དུས་རབས་གསར་པ་ཤར་བ་ནས་བཟུང་། རང་རྒྱལ་ལ་མིའི་རིགས་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་དེའི་ཁྲོད་རྒྱལ་ཁ་ཐོབ་ནས། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་བྱུང་ཡོད། འདི་ནི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་ཞེས་པ་ལག་ལེན་བསྟར་བའི་ཆེས་གསོན་ཉམས་ལྡན་པའི་དྲིས་ལན་ཞིག་རེད།
ཀུའེ་ཀྲོའུ་ཐུང་རེན་ཧྲི་ཆན་རྫོང་གི་ཁུན་ཉིའུ་ཧྲན་རི་བོའི་ཐོག་ཏུ་བཞེངས་པའི་ཁུན་ཉིའུ་ཧྲན་རི་བོའི་དམར་དམག་གི་རླབས་ཆེན་མཛད་རྗེས་རྡོ་རིང་གིས་དམར་དམག་གི་འཐབ་འཛིང་པ་ཚོས་རང་སྲོག་བློས་གཏོང་བྱེད་དགོས་བྱུང་ཡང་བཟུང་དམག་མི་བྱེད་པ་དང་། རང་སྲོག་བློས་གཏོང་བྱེད་དགོས་བྱུང་ཡང་མང་ཚོགས་ལ་སྲུང་སྐྱོབ་བྱེད་པའི་དད་སེམས་མངོན་ཡོད་ལ། ཧྲི་ཆན་རྫོང་གི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལོ་རྒྱུས་འཕེལ་རིམ་ལ་བདེན་དཔང་ཡང་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་སྲིད་གཞུང་གིས་རང་འགུལ་ངང་ཁེ་ལས་ལ་ལས་སྣོན་ཐོན་སྐྱེད་ཐད་སྤྱོད་པའི་ས་ཆ་དང་དངུལ་བུན་ཁ་གསབ་མཐུན་སྦྱོར་བྱ་རྒྱུར་རོགས་རམ་བྱས་ནས། ཧྲི་ཆན་གྱི་ཞིང་ལས་ཐོན་རྫས་རྒྱལ་ཡོངས་ས་གནས་ཁག་ཏུ་འཚོང་རྒྱུར་རོགས་རམ་བྱས་ཡོད། མིག་སྔར་ཧྲི་ཆན་དུ་ཁྱོན་ཇ་ཞིང་མུའུ་ཁྲི་33.85ཡོད་པ་དང་། དེས་ཇ་འདེབས་ཞིང་པ་ཁྲི་11ལྷག་ཙམ་གྱི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་བ་དང་། ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་32ལྷག་ཟིན་གྱི་ཡོད། ས་གནས་དེ་གའི་ཁེ་ལས་ཤིག་གི་འགན་འཁུར་བ་རའོ་ཏེང་ཞང་གིས། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་ས་གནས་དེ་གའི་མང་ཚོགས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་དེ་ཡིན། དེའི་ནང་ཇ་འཐུ་བའི་ཚད་གཞི་དང་། ཇ་ཞིང་ནང་ལུད་རྒྱག་སྟངས། སྦགས་མེད་སྔོན་འགོག་ཚོད་འཛིན་བྱེད་སྟངས་སོགས་ཚུད་ཡོད། ང་ཚོ་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱེད་པར་བསྐྱོད་པའམ་ཡང་ན་ལས་མི་བཟོ་གྲྭར་བསྐོངས་ནས་གསོ་སྐྱོང་དང་སྦྱོར་བརྡར་ཐེངས་མང་བྱས་པ་ཡིན་ཞེས་བརྗོད་འདུག
རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་དང་། ཉེན་ཁ་དང་འགྲན་སློང་གིས་ཁེངས་པའི་རྒྱང་སྐྱོད་ཅིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མདུན་སྐྱོད་ཀྱི་ལམ་བུའི་ཐོག ང་ཚོས་རླབས་ཆེའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ལྷག་པར་དུ་གཞོན་ནུ་མི་རབས་ཚོས་སྙིང་སྟོབས་ཆེར་སྐྱེད་དང་འབད་འབུངས་ཡར་བརྩོན་གྱིས་གསར་བརྗེའི་རྒན་རབས་ཚོས་གཏོད་པའི་རླབས་ཆེན་བྱ་གཞག་མུ་མཐུད་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཉེ་ཆར། རླབས་ཆེའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་དང་། ཀུན་སེམས་གཅིག་སྒྲིལ་གྱིས་སྟོབས་ཆེའི་རྒྱལ་སྲུང་མཉམ་སྐྲུན་བྱེད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་རྒྱལ་དར་སྲུང་སྐྱོབ་རུ་ཁག་གི་འགྲེམས་སྟོན་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཀན་སུའུ་ཧུའེ་ཉིང་དུ་བྱས་ཡོད།
ལོ་ངོ་90ཡི་གོང་དུ། དམར་དམར་གྱི་དམག་ཕྱོགས་བཞི་པ་དང་དམར་དམག་གྱི་དམག་ཕྱོགས་དང་པོའི་དམག་དཔུང་གཉིས་ཧུའེ་ཉིང་དུ་མཉམ་འཛོམས་བྱས་པ་དང་། ལོ་90ཡི་རྗེས་སུ། རྒྱལ་ཡོངས་ཀྱི་མཐོ་སློབ་ཆེ་གྲས་ཁག་ནས་ཡོང་བའི་འཐུས་མི་རུ་ཁག་44ཧུའེ་ཉིང་དུ་འཛོམས་ཤིང་། གྲལ་འགྲིག་པའི་གོམ་བགྲོད་དང་ཤུགས་དང་ལྡན་པའི་གོམ་སྟབས་ལ་བརྟེན་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ འདུས་བྱས་ཡོད། ཀྲེ་ཅང་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་རྒྱལ་དར་སྲུང་སྐྱོབ་རུ་ཁག་གི་དར་ཆ་སྲུང་མཁན་ཝང་ཙི་དབྱིས། ང་ཚོས་རྒྱལ་དར་ལ་ལྷག་བསམ་རྣམ་དག་དང་གུས་སྐྲག་གི་བསམ་པ་བཅངས་པ་དང་། གྲལ་འགྲིག་པའི་རུ་སྟར་དང་དཔའ་ཉམས་ཆེ་བའི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་དུས་རབས་གསར་པའི་སློབ་ཆེན་སློབ་མའི་རྒྱལ་དར་སྲུང་སྐྱོང་གཞོན་ནུ་ཚོའི་ཉམས་བཟང་མངོན་པར་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
ཚན་རིག་ཞིབ་འཇུག་ཁྲོད་ཀྱི་“གངས་རི་དང་རྩྭ་ཐང་”ལ་དམིགས་ཏེ། ཚན་རྩལ་ལས་དོན་པ་ཚོས་ནུས་ཤུགས་ཡོད་རྒུས་འགག་རྩའི་ལྟེ་བའི་ལག་རྩལ་གྱི་དཀའ་གནད་ཁྱད་བསད་བྱེད་བཞིན་ཡོད།
ཉེ་ཆར། ཚགས་དམ་རྣམ་པའི་འདུས་འགྱུར་ནུས་པའི་ཚོད་ལྟའི་སྒྲིག་ཆས་BESTཡི་མགྱོགས་མྱུར་སྐུལ་འདེད་ལས་གཞི་འཛུགས་སྐྱོང་གིས་ཚོང་ལས་ཅན་གྱི་དཔེ་སྟོན་གློག་གཏོང་དམིགས་ཚད་ལ་དམིགས་ཏེ་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱེད་བཞིན་ཡོད། དུས་རབས་གོང་མའི་ལོ་རབས་70པ་ནས་འགོ་བཙུགས་ཏེ། རང་རྒྱལ་གྱི་ཚོད་འཛིན་ཐུབ་པའི་ཉིང་རྡུལ་འདུས་འགྱུར་ཞིབ་འཇུག་དེ་མེད་པ་ནས་རྒྱ་སྐྱེད་པ་དང་། མི་རབས་བཞིའི་ཚན་ཞིབ་ལས་དོན་པས་རྒྱུན་འཛིན་གནང་བའི་བར། མེད་པ་ནས་ཡོད་པའི་བར་དང་། ཉམས་ཞན་ནས་སྟོབས་ཆེར་འགྱུར་བའི་བར། ཚོད་ལྟ་ཁང་ཁང་དུ་འཚོལ་ཞིབ་བྱེད་པ་ནས་ལས་གཞི་ཅན་གྱི་དོན་འཁྱོལ་བྱུང་བའི་བར་གྱི་དཀའ་ཚེགས་ཆེ་བའི་རྒྱང་ལམ་ཐོག་བསྐྱོད་ཡོད། ཀྲུང་གོ་ཚན་རིག་ཁང་ཧོ་ཧྥེ་དངོས་རྫས་གླིང་གྱེས་རྡུལ་མཉམ་གཟུགས་སུའོ་ཡི་ཞིབ་འཇུག་པ་ཀྲང་ཝུའེ་ཡིས། མཐོ་གསར་ལག་རྩལ་ནི་སློང་ནས་བྱུང་བ་དང་སྒུག་ནས་བྱུང་བ་ཞིག་མིན་པར། ང་ཚོས་ལས་གཞི་ཅན་གྱི་ལམ་བུའི་ཐོག་དཀའ་ངལ་རེ་རེ་བཞིན་ཁྱད་བསད་དང་། འདུས་འགྱུར་ནུས་རྒྱུས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་བདེ་སྔ་ཙམ་སྐྲུན་ཐུབ་པ་བྱས་ཏེ། ང་ཚོའི་མི་རབས་འདིའི་རྒྱང་ལམ་ཐོག་ཡག་པོ་སྐྱོད་དགོས་ཞེས་བརྗོད་འདུག
རྒྱང་སྐྱོད་ལམ་བུ་ཇི་ཙམ་རིང་ན་ཡང་། མདུན་སྐྱོད་བྱས་ཚེ་སླེབས་པའི་དུས་ཤིག་ཡོད། འཇིག་སྐྱོབ་གནས་ཐབས་བྱེད་པ་ནས་མི་རིགས་བཅིངས་འགྲོལ་གཏོང་བའི་བར་དང་། ལྟོ་གོས་ལ་སེམས་ཁྲལ་བྱེད་དགོས་པ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱུང་བའི་བར། དེ་ནས་ད་ཆ་ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་སུ་གོམ་སྟབས་བརྟན་པོའི་ངང་མདུན་སྐྱོད་བྱེད་པའི་བར། ཀྲུང་གོའི་གུང་ཁྲན་ཏང་མིས་རྒྱུན་ཆད་མེད་པར་འབད་འཐབ་ལ་བརྟེན་ནས་འཆར་གཞི་དེ་དོན་དངོས་སུ་འགྱུར་བ་བྱས་ཏེ། རྒྱང་ལམ་གསར་པའི་ཐོག་འོད་སྟོང་འཕྲོ་བའི་ལེའུ་བརྩམས་དང་རྩོམ་མུས་ཡིན།
ཞི་ཅིན་ཕིང་གིས། ད་ཆ། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་དམིགས་འབེན་དང་དེ་བས་ཐག་ཉེ་བ་ཡོད་པ་དང་། ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་དམིགས་འབེན་དེ་མངོན་འགྱུར་ཡོང་བའི་སེམས་ཤུགས་དང་ནུས་པ་དེ་བས་ཆེ་བ་ལྡན་ཡོད། ང་ཚོའི་མི་རབས་འདིས་མི་རབས་གོང་མའི་བྱ་གཞག་རྒྱུན་འཛིན་བྱས་ཏེ། མིག་སྔར་འབད་འཐབ་བྱེད་བཞིན་ཡོད་ལ། འབྱུང་འགྱུར་གྱི་འགྲོ་ལམ་དེ་བས་ཀྱང་གཏོད་དགོས་ཞེས་གསུངས་འདུག
