དར་མདོ་སློབ་འབྲིང་གིས་གསར་བརྗེའི་གཏམ་རྒྱུད་ཀྱི་བྱེད་སྒོ་སྤེལ།

དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བ་དང་དཀར་མཛེས་རང་ཡུལ་གྱི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་གསོ་སློབ་གྲྭའི་བསླབ་ཚན་ནང་ཁྱབ་རྒྱུར་བསྐུལ་ཆེད། སྤྱི་ཟླ་10པའི་ཚེས་19ཉིན་གྱི་དགོང་མོར། དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་ཨུ་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་གཙོ་སྒྲུབ་བྱས་པ་དང་དར་མདོ་སློབ་འབྲིང་གིས་སྒྲུབ་འགན་འཁུར་བའི་རྒྱང་སྐྱོད་ཀྱི་གཏམ་རྒྱུད་ཀློག །གསར་བརྗེའི་སྙིང་སྟོབས་སྤེལ། འབད་འཐབ་འགན་འཁྲི་ཁུར་ཞེས་པའི་གསར་བརྗེའི་གཏམ་རྒྱུད་ཀློག་འདོན་འགྲེམས་འཁྲབ་བྱེད་སྒོ་དེ་དར་མདོ་སློབ་འབྲིང་ནས་སྤེལ་བ་རེད། ལོ་རྒྱུས་རིག་གནས་སྡེ་ཚན་གྱི་འབྲེལ་ཡོད་མགོ་ཁྲིད་དང་དེ་བཞིན་སློབ་གྲྭ་ཡོངས་ཀྱི་དགེ་སློབ་འཐུས་མི་བཅས་མཉམ་དུ་བྱེད་སྒོར་ཞུགས།
ཐེངས་འདིའི་འགྲེམས་འཁྲབ་ནང་དམར་དམག་རྒྱང་སྐྱོད་སྐབས་དཀར་མཛེས་ཁུལ་ནས་བྱུང་བའི་གསར་བརྗེའི་གཏམ་རྒྱུད་ངོ་མ་གཙོ་དོན་བྱས་ནས་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་འཛིན་གྲྭ་ཁག་གི་སློབ་མ་རྣམས་རིམ་བཞིན་གར་སྟེགས་ཐོག་བསྐྱོད་ནས། 《གངས་རིའི་བླ་སྲོག》《དམར་དམག་གི་རལ་གྲི》《ལྕགས་ཟམ་མྱུར་འཕྲོག》《དམག་དམངས་མཉམ་དུ་དགའ་སྤྲོའི་ལོ་སར་རོལ་བ》སོགས་རང་ཡུལ་གྱི་གསར་བརྗེའི་གཏམ་རྒྱུད་རེ་རེ་བཞིན་ཀློག་འདོན་དང་འཁྲབ་སྟོན་བྱས་པ་བརྒྱུད། སློབ་གྲོགས་ཚོས་བརྩེ་སེམས་ཟབ་མོས་འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་དང་སྔོན་བྱོན་གསར་བརྗེ་པར་གུས་འདུད་ཞུས།

ཐེངས་འདིའི་བྱེད་སྒོ་དེ་དཀར་མཛེས་ཁུལ་གྱི་ཕུན་སུམ་ཚོགས་པའི་གསར་བརྗེའི་ཐོན་ཁུངས་ལ་གཞི་ཚུགས་ནས་གཞོན་ནུ་རྣམས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་རྣམ་པ་གསར་གཏོད་བྱས་ཏེ་ན་གཞོན་སློབ་མར་རྒྱལ་ཁབ་དང་ཁྱིམ་ཚང་གི་བརྩེ་སེམས་ཇེ་ཟབ་ཏུ་འགྲོ་བར་ཁྲིད་སྟོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ། རྒྱང་སྐྱོད་ཀྱི་སྙིང་སྟོབས་སློབ་གྲྭའི་ནང་ནས་བརྒྱུད་འཛིན་ཐུབ་པ་བཅས་ལ་བསྐུལ། རྗེས་མར། སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་གྱིས་རང་ཡུལ་གྱི་གསར་བརྗེའི་སློབ་གསོའི་ཐོན་ཁུངས་མུ་མཐུད་བེད་སྤྱོད་ཡག་པོ་བྱས་ནས་དར་མདོ་སློབ་འབྲིང་གི་སློབ་མས་གསར་བརྗེའི་ཁྲག་རྒྱུན་བརྒྱུད་འཛིན་དང་འབད་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད་དོ། །
