རྒྱང་བསྐྱོད་ལམ་བུར་སླར་ཡང་བསྐྱོད། གཞུང་ལུགས་སྒྲོག་པའི་གཏམ་རྒྱུད་སྨྲ།——ཀྲེ་རྔ་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་དང་གཉེན་བཅར་བྱེད་སྒོ་ཟུང་ཆུ་རྫོང་དུ་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
ཟུང་ཆུ་རྫོང་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་གསར་འགོད་པ་ཚུལ་ཁྲིམས་རྡོ་རྗེ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡༠ ཚེས་ ༢༡

སྤྱི་ཟླ་10ཚེས་18ཉིན་གྱི་ཕྱི་དྲོར། ཟུང་ཆུ་རྫོང་དུ་ཉི་འོད་རབ་ཏུ་འཕྲོས་ཤིང་གངས་རིར་བརྗིད་ཉམས་ལྡན། ཟུང་ཆུ་རྫོང་གི་གནའ་མཁར་དུ་ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ·ཧུའུ་ཀྲོའུ·ཅ་ཞིང——སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་2026ལོའི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་དང་གཉེན་བཅར་བྱེད་སྒོ་དངོས་སུ་འགོ་བརྩམས།

ཝུན་ཀྲོའུ“ཅ་ཞང”སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་པ་ཞེ་ལུའོ་ཧའོ་ཡིས《ཉེན་རྟོག་པ་ནི་ཅི་འདྲ་ཞིག་ཡིན་དགོས》ཞེས་པ་སྒྲོག་འགྲེལ་བྱེད་བཞིན་པ།

ཟུང་ཆུ་རྫོང་གི་སྒྲོག་འགྲེལ་པ་བཀྲ་ཤིས་ལྷ་མཚོ་ཡིས་ལམ་ཞིག་གི་འཕེལ་རྒྱས་ཀྱི་འཕོ་འགྱུར་ཞེས་པའི་གཏམ་རྒྱུད་འཆད་བཞིན་པ།

“སྒོ་འབྱེད་སྐད་སྦུག”རྣམ་པའི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་དེས་མི་རིགས་ཁག་གི་མང་ཚོགས་ཀྱི་ཡིད་དབང་བཀུག་ནས་ཡུལ་དངོས་རང་ནས་ཏང་གི་སྐད་ཆ་བཟང་པོར་ཉན་བཞིན་པ།

སྒོ་འབྱེད་རྣམ་པའི་འཆད་སྟེགས་སུ། ཀྲེ་ཅང་དང་རྔ་བ་ས་ཁུལ་གཉིས་ཀྱི་སྒྲོག་འགྲེལ་པ་དག་རེས་མོས་ངང་གར་སྟེགས་སུ་བུད་ནས“སྒོ་འབྱེད་སྐད་སྦུག”རྣམ་པའི་ཐོག་ནས་གྲུ་གཟིངས་དམར་པོའི་སྙིང་སྟོབས་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་མཐོ་སྒང་དུ་བསྐྱལ་བས། བོད་ཆའང་ཧུའེ་རྒྱ་བཅས་མི་རིགས་ཁག་གི་མང་ཚོགས་རྣམས་མཉམ་གཅིག་ཏུ་འཛོམས་ནས་གཟབ་པར་ཉན།

རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྟེ། ཀྲེ་ཅང་ཝུན་ཀྲོའུ་དང་། ཧུའུ་ཀྲོའུ། ཅ་ཞིང་བཅས་གྲོང་ཁྱེར་གསུམ་གྱིས་རྔ་བ་ཁུལ་གྱི་རྫོང་(གྲོང་ཁྱེར)13ལ་ཁ་གཏད་རོགས་སྐྱོར་བྱེད་བཞིན་ཡོད། ཡུན་རིང་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཁྲོད་ས་གནས་གཉིས་ཀྱི་བར་དུ་མཛའ་བརྩེ་མཚོ་མོ་ལས་ཟབ་པ་ཆགས་ཡོད། ན་ནིང་རྔ་བ་ཁུལ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་པ་ཀྲེ་ཅང་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་དང་། ད་ཐེངས་རྔ་བ་ཁུལ་གྱིས་ཀྲེ་ཅང་གི་སྒྲོག་འགྲེལ་པ་མཐོ་སྒང་དུ་གདན་དྲངས་ནས་ཀྲེ་ཅང་གི་སྒྲོག་འགྲེལ་ཉམས་མྱོང་མཐོ་བ་གངས་རི་དང་ཡངས་པའི་རྩྭ་ཐང་ལ་ལེགས་སྐྱེས་སུ་ཁྱེར་ཡོད།

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བའི་ལོ་ཡིན་པ་དང་ཅ་ཞིང་ནན་ཧུའུ་མཚེའུ་ཡི་གྲུ་གཟིངས་དམར་པོས་ཏང་དབུ་བརྙེས་པ་དཔང་པོ་བྱས་ཡོད། ད་ལོ་ནི་ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བའི་ལོའང་ཡིན་ཞིང་། དམར་དམག་རྒྱང་སྐྱོད་ཀྱི་དཀའ་ཚེགས་ཆེ་ཤོས་ཀྱི་གངས་རི་དང་རྩྭ་ཐང་གི་བཞུད་ལམ་གཙོ་བོ་རྔ་བ་ཁུལ་དུ་གནས་ཡོད། སྒྲོག་འགྲེལ་སྤེལ་རེས་བྱེད་པའི་ཐབས་ལ་བརྟེན་ནས་གྲུ་གཟིངས་དམར་པོའི་སྙིང་སྟོབས་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་སི་ཁྲོན་ནུབ་བྱང་གི་མཐོ་སྒང་དུ་འདྲེས་པར་བྱས།

ནན་ཧུའུ་གསར་བརྗེའི་དྲན་གསོ་ཁང་དུ་ཏང་དབུ་བརྙེས་པ་ནས་འཕེལ་རྒྱས་སྟོབས་ཆེར་སོང་བའི་བར་གྱི་ལོ་རྒྱུས་ཟབ་མོ་ཡོད་པ་དང་དྲན་གསོ་ཁང་གི་འཛུགས་སྐྲུན་རབས་གསུམ་གྱི་གོ་རིམ་བརྒྱུད་ཡོད། 1990ལོར་རབས་གཉིས་པའི་འགྲེམས་སྟོན་ཁང་འཛུགས་སྐྲུན་བྱེད་སྐབས། ནན་ཧུའུ་མཚེའུ་ཡི་མང་ཚོགས་ཀྱིས་ཞལ་འདེབས་སྒོར་ཁྲི་320ལྷག་ཕུལ་ཡོད། ད་ལོའི་དཔྱིད་ཀར་ལྷོ་མཚེའུ་འགྲམ་དུ་གཞིས་ཆགས་པའི་རྒན་པོ་དབང་པོ་སྐྱོན་ཅན་ཞིག་དྲན་གསོ་ཁང་དུ་ཐེངས་དང་པོར་སོང་ཞིང་ནན་ཧུའུ་གསར་བརྗེའི་དྲན་གསོ་ཁང་གི་དྲིལ་བསྒྲགས་སློབ་གསོ་པུའུ་ཡི་འགྲེལ་བཤད་པ་དབྱང་ཝུན་ཆན་གྱིས“རྒན་པོ་ཞིག་གིས་ཡིད་སེམས་རབ་ཏུ་གཡོ་བའི་ངང་བཤད་རྒྱུར་སྐབས་དེར་ཁྱིམ་ཚང་ཚང་མས་ཞལ་འདེབས་འབུལ་བཞིན་ཡོད་མོད། ང་ལ་དངུལ་སྒོར་100ལོན་མ་ལོན་ཞིག་མ་གཏོགས་མེད་པས་དེ་ཞལ་འདེབས་སུ་ཕུལ་བ་ཡིན། སྐབས་དེ་དུས་དངུལ་མང་པོ་མེད་ཅེས་བཤད། བབ་ཆགས་པའི་སྐད་ཆ་དེ་ལས་ཏང་ལ་བཅངས་པའི་དད་མོས་དང་བརྩེ་སེམས་རྣལ་མ་མཚོན་ཡོད”ཟེར། ཁོང་གིས་སྤྱི་པའི་དོན་དུ་ཏང་བཙུགས་པ་དང་དམངས་ཀྱི་དོན་དུ་ལྷག་བསམ་རྣམ་དག་བྱེད་པ་ནི་སྔར་ནས་བཟུང་འབོད་ཚིག་ཅིག་མ་ཡིན་པར་མི་དམངས་ཀྱི་སེམས་ནང་རྩ་བ་ཚུགས་པའི་བསམ་བློ་རྣམ་པར་དག་པ་ཞིག་ཡིན་ཞེས་བཤད།

ཀྲེ་ཅང་ཅ་ཞིན་ནན་ཧུའུ་གསར་བརྗེའི་དྲན་གསོ་ཁང་གི་འགྲེལ་བཤད་པ་དབྱང་ཝུན་ཆན་གྱིས་གྲུ་གཟིངས་དམར་པོའི་སྙིང་སྟོབས་སྒྲོག་འགྲེལ་བྱེད་བཞིན་པ།

སྤྱི་ལེ་2000ལྷག་གི་སར་ཡོད་པའི་རྔ་བའི་དམར་མདོག་གི་ས་གཞིར་དམར་དམག་གི་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་ཀྲོང་ངེར་འགྱིངས་ཡོད། གསེར་མཚོ་མཛེས་ལྗོངས་གྲགས་ཅན་ཁུལ་དོ་དམ་ཅུས་རྡོ་རིང་གླིང་དོ་དམ་ཁྲུའུ་ཡི་འགྲེལ་བཤད་པ་ཧོ་ཡའོ་ཡིས“མཐའ་མའི་འབྲུ་ནས་དམག་འབྲུར་ཕུལ་བ་དང་མཐའ་མའི་སྐྱེས་པ་གཡུལ་སར་བསྐྱལ་ཡོད”ཟེར། སྐབས་དེར་རྔ་བའི་བུ་ཕྲུག་ཚོས་འབྲུ་ནས་དང་ནོར་གཡག་ལ་བརྟེན་ནས་དམར་དམག་གིས་བྱང་ཕྱོགས་སུ་འཇའ་འགོག་བྱེད་པར་རོགས་རམ་བྱས་ནས“ནོར་གཡག་གི་གསར་བརྗེ”ཞེས་པའི་མིང་སྙན་བཞག་ཡོད་པ་དང “གཞོན་རབས་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་སྔོན་བྱོན་པ་དག་གི་དར་ཆ་བསྒྲེངས་ཏེ། མི་རབས་འདི་ཉིད་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་བ་བཅས་ཀྱི་རྒྱང་སྐྱོད་གསར་བར་ལེགས་པར་བསྐྱོད་དགོས”ཞེས་ཀྱང་ཟེར་ཏོ། །

ཀྲེ་ཅང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཀྱིས་དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་དུ་སྔོན་གཤེགས་དཔའ་བོར་གུས་འདུད་ཞུ་བཞིན་པ།

དམར་དམག་གི་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་ནི་ཟུང་ཆུ་རྫོང་གཙོ་ཚང་རྒུ་གྲོང་རྡལ་དུ་ཆགས་ཡོད། དམར་དམག་གི་རྒྱང་སྐྱོད་དྲན་གསོའི་རྡོ་རིང་ལ་མགོ་བོ་ཡར་ལ་དགྱེས་ནས་བལྟས་ན། རི་འདབས་ནས་རི་རྩེའི་བར་སྐས་རིམ་རིམ་པ་609བརྒལ་དགོས། དེ་ནི་དམར་དམག་གི་རྒྱང་སྐྱོད་ཀྱི་ལམ་ནས་བརྒྱུད་པའི་གཡུལ་འགྱེད་ཐེངས་600ལྷག་གི་མཚོན་དོན་ཡིན། གཡང་གཟར་གྱི་རྡོ་སྐས་བརྒྱུད་དེ་རི་རྩེར་སླེབས་སྐབས་རི་འདབས་ཀྱི་གྲོང་རྡལ་དམར་པོ་གཙོ་ཚང་རྒུ་ལ་འཁོར་རིགས་མང་ཞིང་མི་ཚོགས་འདུས་ནས་དེང་རབས་ཀྱི་དཔལ་ཡོན་མངོན་པར་འཕགས་ཡོད།

དེ་ནི་དཀའ་ངལ་ཁྱད་དུ་བསད་པ་དང་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་མདུན་སྐྱོད་ཀྱི་ལམ་བུ་ཞིག་ཡིན་པར་མ་ཟད། དེ་བས་ཀྱང་མཛད་རྗེས་ཀྱི་རྡོ་རིང་ཆེན་པོ་བསླངས་པའི་གཟི་བརྗིད་ལྡན་པའི་ལམ་བུ་ཞིག་ཀྱང་རེད། ཉི་འོད་ལམ་ལམ་འཕྲོས་པའི་འོག་དྲན་གསོའི་རྡོ་རིང་གི་ཕྱི་གཟུགས་ནི་གསེར་ཞུན་མ་ལྟར་འོད་ཆེམ་ཆེམ་དུ་འཚེར་བ་དང་ལམ་རྟགས་ཤིག་དང་འདྲ་བར་གངས་རི་དང་རྩྭ་ཐང་གི་འགྱུར་ལྡོག་ཆེན་པོ་བདེན་དཔང་བྱས་ཡོད་ལ་རྗེས་རབས་པ་དག་ལ་ཁ་ཕྱོགས་ཀྱང་གསལ་སྟོན་བྱས་ཡོད།

སྒྲོག་འགྲེལ་བྱེད་སྒོ་རུ། རྡོ་རིང་འདབས་ཀྱི་གཙོ་ཚང་རྒུ་གྲོང་རྡལ་སློབ་ཆུང་གིས་གར་སྟེགས་ཟློས་གར《མཐོ་སྒང་གི་རྩམ་པ་ཞིམ》ཞེས་པ་འཁྲབ་སྟོན་བྱས་པར་ཡུལ་དངོས་ཀྱི་ལྟད་མོ་པ་དག་གིས་དགའ་བསུ་ཆེན་པོ་བྱས། ཟློས་གར་དེ་ཉིད་གསར་རྩོམ་བྱེད་མཁན་གཙོ་བོ་སྟེ་སློབ་གྲྭ་དེའི་ཞབས་བྲོའི་དགེ་རྒན་སྒྲོལ་མ་མཚོ་ཡིས་ངོ་སྤྲོད་བྱས་དོན། གསར་རྩོམ་གྱི་བསམ་བློ་འདི་ནི་དམར་དམག་རྒྱང་སྐྱོད་བྱེད་སྐབས་ཟུང་ཆུར་བསྐྱོད་པ་དང་མི་རིགས་ཁག་གི་བུ་དང་བུ་མོ་རྣམས་ཀྱིས་དམར་དམག་ལ་འབྲུ་རིགས་གྲབས་གསོག་ཧུར་ཐག་བྱས་པའི་དམག་དམངས་བར་གྱི་མཛའ་བརྩེ་ཟབ་མོ་ལས་རྙེད་པ་ཡིན། ཁོང་གིས་ཞབས་བྲོ་སྦྱོང་མཁན་བུ་མོ་ཚེ་རིང་ལྷ་མོ་དང་མཉམ་དུ་ཟློས་གར་དེ་གསར་གཏོད་བྱས་ཤིང་། དམིགས་ཡུལ་ནི་བུ་ཕྲུག་རྣམས་ལ་དམར་དམག་གི་དཀའ་ངལ་མི་བརྗེད་པ་དང་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱེད་དུ་འཇུག་ཆེད་རེད།

གཙོ་ཚང་རྒུ་གྲོང་རྡལ་སློབ་ཆུང་གི་སློབ་མ་དག་གིས་གར་སྟེགས་ཟློས་གར《མཐོ་སྒང་གི་རྩམ་པ་ཞིམ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།

ལོ་རིམ་དྲུག་པའི་བོད་རིགས་སློབ་མ་ཞིག་གིས་ཟློས་གར་ནང་བོད་རིགས་ཀྱི་ཨ་མ་འཁྲབ་སྟོན་བྱས་ནས་དམར་དམག་ལ་འབྲུ་རིགས་གྲབས་གསོག་བྱས་པར་མ་ཟད། བུ་ལ་དམར་དམག་གི་ལམ་རྒྱུས་པ་ཡི་འགན་འཁུར་དུ་བཅུག་པ་རེད། སློབ་གྲྭའི་གསར་བརྗེའི་རིག་གནས་བར་ཁྱམས་ལ་བརྟེན་ནས་སློབ་མ་དེས་གསར་བརྗེའི་གཏམ་རྒྱུད་མང་པོ་ཤེས་རྟོགས་བྱུང་། ཁོས“ང་ཚོའི་སློབ་གྲྭ་ནི་རྡོ་རིང་འོག་གི་བསམ་བློའི་ཆབ་སྲིད་སློབ་ཆུང་ཞིག་ཡིན་པས། ང་ཡང་གསར་བརྗེའི་རིག་གནས་ཀྱི་འགྲེལ་བཤད་པ་ཆུང་ཆུང་ཞིག་ཏུ་གྱུར་ནས་སྐབས་འགར་སློབ་གྲོགས་དང་རྡོ་རིང་གླིང་དུ་འོངས་པའི་ཡུལ་སྐོར་པ་ཚོར་གསར་བརྗེའི་ལོ་རྒྱུས་འགྲེལ་བཤད་བྱེད་ཀྱིན་ཡོད”ཀྱང་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། གོམ་སྟབས་རྗེས་མར་ཀྲེ་ཅང་དང་རྔ་བའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་སྒོ་དེ་དམར་དམག་གི་རྒྱང་སྐྱོད་ཀྱི་རྗེས་ཤུལ་བརྒྱུད་ནས་རྔ་བ་ཁུལ་མཛོད་དགེ་རྫོང་དང་འབར་ཁམས་སུ་བསྐྱོད་རྒྱུ་ཡིན་པ་དང་། སྒྲོག་འགྲེལ་ཚོགས་པས་དམར་དམག་གི་རྒྱང་སྐྱོད་སྙིང་སྟོབས་སྒྲོག་འགྲེལ་བྱེད་པ་ལས་གཞན་དུ། ད་དུང་རྒྱང་སྐྱོད་ལམ་བུའི་ཐོག་མཉམ་དུ་བསྐྱོད་ནས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་བསམ་བློ་དང་། དཔལ་འབྱོར་བསམ་བློ། སྐྱེ་ཁམས་ཤེས་དཔལ་གྱི་བསམ་བློ། ཁྲིམས་སྐྱོང་བསམ་བློ་བཅས་དང་དེ་བཞིན་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་། ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་ཁ་གཏད་རོགས་སྐྱོར་སོགས་བརྗོད་དོན་གཙོ་བོའི་ནང་དོན་སྒྲོག་འགྲེལ་བྱེད་རྒྱུ་ཡིན་འདུག