རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པ་འདི་དེ་རིང་སྔ་དྲོ་ཉི་འོད་གྲོང་ཁྱེར་ལྷ་སར་དངོས་སུ་འཚོགས་འདུག

ཚོགས་འདུ་འདི་ནི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་འགན་འཁུར་ཡོད། ཚོགས་འདུ་འདིར་བོད་ལྗོངས་དང་། པེ་ཅིང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ནས་ཕེབས་པའི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་མཐུན་ཚོགས་ཀྱི་འཐུས་མི་༦༠ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཟླ་༡༠པའི་ཚེས་༢༠ཉིན་དང་ཚེས་༢༡ཉིན་ལ་གཅིག་སྡུད་ཐོག་བརྩམས་ཆོས་དཔྱད་ཞིབ་ལས་དོན་སྤེལ་རྒྱུ་ཡིན་པ་དང་། དཔྱད་ཞིབ་འཐུས་མི་ཚོས་ཚོགས་ཆུང་བགོས་ནས་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་གྱི་དཔྱད་བསྡུར་ནང་ཞུགས་པའི་བརྩམས་ཆོས་ཁག་ལ་ཞིབ་དཔྱད་ནན་ཏན་བྱས་ནས། བརྩམས་ཆོས་རྩེ་གྲ་ཁག་གཅིག་འདེམས་སྒྲུག་བྱས་ནས་བྱ་དགའ་སྤྲོད་རྒྱུ་ཡིན་པ་རེད།

ལོ་ངོ་ཉི་ཤུ་ལྷག་ཙམ་རིང་ཚོགས་འདུ་འདི་རིགས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཕུལ་བྱུང་དུ་གྱུར་ཡོད་ལ། རང་འགུལ་ངང་འཚོལ་ཞིབ་བྱེད་པ་ནས་འཁོར་སྐྱོད་ཚད་ལྡན་དུ་གཏོང་བའི་བར་འཕེལ་རྒྱས་ཕྱིན་ཡོད། ད་ཆ་ཚོགས་འདུ་འདི་ནི་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་མི་སྣའི་ལོ་འཁོར་ཚོགས་འདུ་གལ་ཆེན་ཞིག་དང་བསམ་བློ་སྤེལ་རེས་བྱེད་པའི་སྟེགས་བུ་ཆེན་པོ་ཞིག་ཡིན་ལ། བོད་ཀྱི་སྐད་དང་ཡི་གེ་རྒྱུན་འཛིན་དང་བོད་སྐད་ཡིག་ཐོག་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། སྨྱན་སྦྱོར་མཉམ་འདྲེས་སྤྱི་སྟེགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རྒྱལ་ཁབ་ཀྱིས་མི་རིགས་སྐད་ཡིག་རིག་གནས་ལ་མཐོང་ཆེན་བྱེད་པ་དང་བསྟུན་ནས་མ་འོངས་པར་བོད་སྐད་ཡིག་གི་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་འདི་རིགས་སྔར་བས་མཐོང་ཆེན་དུ་འགྱུར་ནས། གཅིག་མཐུན་དང་། མཉམ་འདྲེས། མཐུན་སྒྲིལ་བཅས་ལྡན་པའི་དུས་རབས་གསར་པའི་བོད་སྐད་ཡིག་བརྒྱུད་སྤེལ་དང་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་ཐུབ་ངེས་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་འདུ་འདི་སྤྱི་ཟླ་༡༠པའི་ཚེས་༢༢བར་འཚོག་རྒྱུ་རེད་འདུག

