ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་ཀྱི་བརྩམས་ཆོས་མཉམ་རོལ་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན་ཁང་།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡༠ ཚེས་ ༡༩

ཟླ་༡༠ཚེས་༡༦ཉིན་གྱི་ཕྱི་དྲོར། ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་ཀྱི་བརྩམས་ཆོས་མཉམ་རོལ་ཚོགས་འདུ་སི་ཁྲོན་ཐེན་ཧྥུ་དཔེ་དེབ་འགྲེམ་སྟོན་སྐབས་སུ་འཚོགས། ཚོགས་ཐོག་ཏུ་དཔེ་ཚོགས་འདིའི་དཔེ་སྐྲུན་པའི་སྡེ་དང་རྩོམ་སྒྲིག་པའི་སྡེ། གཞན་རྩོམ་པ་པོ་གྲགས་ཅན་ཁག་ཅིག་ལྷན་འཛོམས་ནས། ཁམས་ཀྱི་རྩོམ་རིག་གསར་རྩོམ་གྱི་གྲུབ་འབྲས་མཉམ་རོལ་དང་། མི་རིགས་རྩོམ་རིག་གསར་རྩོམ་དང་བརྒྱུད་སྤེལ་བྱེད་ཐབས་གསར་པའི་སྐོར་ནས་བགྲོ་གླེང་གནང་།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་མི་རིགས་དཔེ་དེབ་དཔེ་སྐྲུན་ བྱ་བའི་ཁྱབ་ཁོངས་ཀྱི་ཁྱད་ཆོས་དང་གྲུབ་འབྲས་ངོ་སྤྲོད་གནང་། ཁོང་གིས་ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་སུ་བསྟུད་མར་དཔེ་དེབ་མང་པོ་དཔེ་སྐྲུན་བྱས་ཏེ་གྲུབ་འབྲས་གང་འཚམ་བླངས་ཡོད། མི་རིགས་རྩོམ་རིག་གི་བརྩམས་ཆོས་ཤན་འབྱེད་བྱེད་པའི་ཚད་གཞི་ཨང་དང་པོ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་རྒྱུར་ཕན་ཐོགས་ཡོད་མེད་ལ་ལྟ་དགོས་ཏེ། དཔེ་སྐྲུན་པ་ཞིག་ཡིན་པའི་ངོས་ནས་བརྗོད་བྱ་འདེམས་པ་དང་གསར་རྩོམ་ཁྲིད་སྟོན་ཐད་རང་འགུལ་གྱི་ནུས་པ་ཐོན་ནས། མི་རིགས་ཁག་གི་འགྲོ་འོང་རྒྱ་ཁྱབ་དང་། ཁྱོན་ཡོངས་ཀྱི་སྤེལ་རེས། མཉམ་འདྲེས་གཏིང་ཟབ་པ་བཅས་ལ་སྐུལ་འདེད་གཏོང་དགོས། ཐེངས་འདིའི་མཉམ་སྤྱོད་ཚོགས་འདུ་གཉེར་དོན་ནི་དཔེ་སྐྲུན་ཁང་དང་རྩོམ་པ་པོའི་དབར་བསམ་བློ་བརྗེ་རེས་ཀྱི་ཟམ་པ་བསྐྲུན་ནས་གསར་རྩོམ་པས་ཕ་ཡུལ་གླེང་དགོས་པ་མ་ཟད། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་གཏམ་རྒྱུད་ཀྱང་ཡག་པོ་ཤོད་རྒྱུར་ཁྲིད་སྟོན་བྱེད་ཆེད་ཡིན་པ་བསྟན།

དཀར་མཛེས་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་འབྲེལ་ཡོད་འགན་འཁུར་པས། ཁམས་ཀྱི་རྩོམ་པ་པོའི་སྡེ་རུ་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་དང་ས་གནས་རང་གི་མི་རིགས་རྩོམ་རིག་གི་རྒྱུན་མཐུད་འཕེལ་རྒྱས་སྐོར་བགྲོ་གླེང་གནང་སྐབས། རྒྱ་བོད་རྩོམ་རིག་གསར་རྩོམ་གསོ་སྦྱོང་འཛིན་གྲྭ་འཚོགས་པ་དང་། རྩོམ་པ་པོ་གྲགས་ཅན་གདན་དྲངས་ནས་འཆད་ཁྲིད་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ས་གནས་རང་གི་རྩོམ་པ་པོའི་བྱང་ཚད་མཐོར་འདེགས་བཏང་སྟེ། ད་ལྟ་རྒན་དར་གཞོན་གསུམ་འཛོམས་པའི་གསར་རྩོམ་དཔུང་སྡེ་ཞིག་གྲུབ་ཡོད་ལ། རྒྱ་བོད་སྐད་གཉིས་ཀྱི་རྩོམ་རིག་མཐུན་སྦྱོར་འཕེལ་རྒྱས་ལ་མུ་མཐུད་ནས་སྐུལ་འདེད་གཏོང་གིན་ཡོད། དུས་རིམ་རྗེས་མར། ཤེས་ལྡན་མི་སྣར་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁམས་ཀྱི་རྩོམ་པ་པོའི་དཔུང་སྡེ་སྟོབས་ལྡན་དུ་འགྱུར་བར་གྲོགས་དན་གང་ལེགས་བྱ་རྒྱུ་ཡིན་ཞེས་བསྟན།

དེར་མཐུད་ནས་ཁམས་ཀྱི་རྩོམ་པ་པོ་གཉིས་ཀྱིས་སྔ་ཕྱིར་བོད་ཡིག་རྩོམ་རིག་གསར་རྩོམ་དང་རྩོམ་སྒྲིག་དཔེ་སྐྲུན་གཉིས་ཀྱི་ཐད་ནས་མི་རིགས་རྩོམ་རིག་གི་སྐད་ཡིག་བརྗེ་སྒྱུར་དང་། རིག་གནས་མཚོན་སྟངས། ཀློག་པ་པོའི་དང་ལེན་བྱེད་ཚད་བཅས་དབར་གྱི་འབྲེལ་ལམ་དང་མདུན་ལྗོངས་གླེང་བ་མ་ཟད། ཁམས་ཀྱི་རྩོམ་པ་པོའི་གསར་རྩོམ་ནི་སྤྱིར་ཐོག་མཐའ་བར་གསུམ་དུ་གངས་ལྗོངས་ས་མཐོའི་འཚོ་བའི་གཤིན་ས་དང་རིག་གནས་ཀྱི་སྲོག་རྩ་ལ་གཞི་བཅོལ་ཞིང་། སྒོས་སུ་ཐུན་མོང་མ་ཡིན་པའི་དོན་བརྗོད་དང་མི་རིགས་ཀྱི་མཛེས་དཔྱོད་ལ་བརྟེན་ནས་ཁམས་ཁུལ་གྱི་བསམ་བློའི་མཛེས་པ་མངོན་པར་མཚོན་ཡོད་ཅེས་བཤད།

རྒྱུས་ལོན་བྱུང་བ་ལྟར་ན། ཁམས་ཀྱི་རྩོམ་པ་པོའི་སྡེ་ནི་བོད་རིགས་གཞོན་སྐྱེས་རྩོམ་པ་པོ་གཙོར་བྱས་པའི་རྩོམ་རིག་གསར་རྩོམ་ཀྱི་ཚོགས་པ་ཞིག་ཡིན་ལ། ཁོང་ཅག་གིས་གངས་ཅན་མཐོ་སྒང་ལ་གཞི་བཅོལ་ནས་ཕུལ་བྱུང་བརྩམས་ཆོས་བརྒྱ་ལྷག་གསར་རྩོམ་དང་དཔེ་སྐྲུན་བྱས་ཏེ། ད་ལྟའི་ཆར་རང་རེའི་ཞིང་ཆེན་ཡོངས་དང་ཐ་ན་ཀྲུང་གོའི་རྩོམ་རིག་ལས་རིགས་ཁྲོད་ནས་གྲུབ་འབྲས་ངེས་ཅན་ཞིག་བླངས་ཡོད།