ཇོ་ནང་རིག་མཛོད་ཆེན་མོའི་འགྲེམ་སྤེལ་མཛད་སྒོ་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།

ཟླ༡༠པའི་ཚེས༡༦ཉིན་གྱི་སྔ་དྲོར། 《ཇོ་ནང་རིག་མཛོད་ཆེན་མོ》ཞེས་པའི་པོད་ཉིས་བརྒྱ་དང་བཅུ་དྲུག་གི་བདག་ཉིད་ཅན་གྱི་དཔེ་ཚོགས་ཆེན་མོ་འགྲེམ་སྤེལ་མཛད་སྒོ་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས།
ཐེངས་འདིའི་མཛད་སྒོ་ནི་སི་ཁྲོན་ཞིན་ཧྭ་དཔེ་སྐྲུན་འགྲེམ་སྤེལ་ཚོགས་པས་གཙོ་སྒྲུབ་དང་། ཆིང་ཧྭ་སློབ་ཆེན་གྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གྱི་ཞིབ་འཇུག་རྟེན་གཞི། དེ་མིན་སི་ཁྲོན་དཔེ་སྐྲུན་འཕེལ་རྒྱས་སྤྱི་ཕན་ཐེབས་རྩ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཀྲུང་གུང་འཛམ་ཐང་རྫོང་ཨུའི་དྲིལ་བསྒྲགས་པུའུ་བཅས་ཀྱིས་འགན་སྒྲུབ་དང་། འཛམ་ཐང་རྫོང་གི་ཛམ་ལྷའི་ནོར་གླིང་དང་ཁམས་པའི་བརྙན་འཕྲིན་ཁང་གིས་རོགས་སྒྲུབ་བཅས་ཀྱི་འགན་ཁུར་བ་རེད།

ཇོ་ནང་རིག་མཛོད་འགྲེམ་སྤེལ་གྱི་འགོ་ཚུགས་མཛད་སྒོའི་ཐོག་ལ། ཀྲུང་གོའི་དུས་དེབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཝུའུ་ཧྲང་ཀྲི་སོགས་འབྲེལ་ཡོད་དབུ་ཁྲིད་དང་རིག་གཞུང་ཆེད་མཁས་པ། དཔེ་ཚོགས་ཀྱི་གཙོ་སྒྲིག་པ་སོགས་ཀྱིས་ཤིས་ཚིག་ཕུལ་ཞིང་གསུང་བཤད་གནང་ལ། དེ་ལས་《ཇོ་ནང་རིག་མཛོད་ཆེན་མོ》ཡི་གཙོ་སྒྲིག་པ་འཇམ་དབྱངས་བློ་གྲོས་མཆོག་གིས་རིག་མཛོད་འདི་ཉིད་བགྲང་ལོ་བཅུ་གཉིས་རིང་བསྡུ་རུབ་དང་དཔེ་བསྡུར་བགྱིས་པའི་མཉམ་མྱོང་གླེང་པ་དང་། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྲེན་ཝེ་རོང་གིས་རིག་གཞུང་གི་མཐོང་སྣེ་ནས་རིག་མཛོད་ཀྱི་ཡིག་ཚང་གི་རིན་ཐང་དང་ཤེས་དཔལ་གྱི་དོན་སྙིང་སྐོར་ནས་འགྲེལ་བཤད་གནང་བ་རེད།

《ཇོ་ནང་རིག་མཛོད་ཆེན་མོ》ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་དཔེ་ཚོགས་འདིའི་རྩོམ་སྒྲིག་ཚོགས་པ་གཉིས་ཀྱིས་མཉམ་དུ་དཔེ་སྐྲུན་བྱས་པ་ཡིན་ཞིང་། བོད་ཡིག་གནའ་དཔེ་ནི་འགྲོ་བ་མིའི་གཙུག་ལག་གཏེར་མཛོད་ཆེན་མོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་ལས་གཞི་གལ་ཆེན་ཞིག་ཏུ་གྲུབ་ཡོད་པས། དཔལ་ཇོ་ནང་པའི་མཁས་དབང་རིམ་བྱོན་གྱི་གསུང་རྩོམ་འཚོལ་བསྡུ་དང་ལེགས་སྒྲིག། པར་ཤིང་ལ་བརྐོ་བ་དང་རྩིས་འཕྲུལ་དུ་བཅུག་པ་ཞུ་དག་དཔར་འདེབས་སོགས་ཀྱི་ཕྱག་ལས་རྒྱུན་རིང་གནང་ནས་རིག་མཛོད་འདི་ཉིད་གྲུབ་པ་རེད། དེ་མིན་རིག་མཛོད་འདི་ཉིད་ནི་སི་ཁྲོན་གྱི་མི་རིགས་དཔེ་སྐྲུན་ཁྱབ་ཁོངས་ཀྱི་ཚབ་མཚོན་ལྡན་པའི་རིག་གནས་ཀྱི་ལས་གཞི་ཞིག་ཡིན་པ་མ་ཟད། སི་ཁྲོན་དཔེ་སྐྲུན་འཕེལ་རྒྱས་སྤྱི་ཕན་ཐེབས་རྩ་ཚོགས་པའི་རོགས་དངུལ་ལས་གཞི་དང་། སི་ཁྲོན་ཞིན་ཧྭ་དཔེ་སྐྲུན་འགྲེམ་སྤེལ་ཚོགས་པས་འཛམ་ཐང་རྫོང་ལ་རོགས་སྐྱོར་བྱས་པའི་གལ་ཆེའི་ལས་གཞི་ཞིག་ཀྱང་རེད།

ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་མི་རིགས་ཀྱི་གནའ་དཔེ་པར་སྐྲུན་བྱེད་པ་ནི་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་ཀ་ཞིག་ཡིན་ཞིང་། 《ཇོ་ནང་རིག་མཛོད་ཆེན་མོ》ཡིས་བོད་རིག་པའི་ཞིབ་འཇུག་ཐད་ཡིག་ཚང་ཁུངས་བཙུན་མཁོ་འདོན་གནང་ཡོད་པས། དེ་ནི་མི་རིགས་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་བདེན་དཔང་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་དཔེ་མཚོན་ཞིག་ཀྱང་ཡིན་ཞེས་གསུངས་ལ། དེ་མིན་《ཇོ་ནང་རིག་མཛོད་ཆེན་མོ》འགྲེམ་སྤེལ་མཛད་སྒོའི་སྟེང་ལ་གཙོ་སྒྲུང་ལས་ཁུངས་ཀྱིས་རྔ་བ་ཁུལ་དང་དཀར་མཛེས་ཁུལ་གྱི་དཔེ་མཛོད་ཁང་ལ་རིག་མཛོད་ཆེན་མོ་འདི་དཔེ་སྤྱིན་གནང་།

《ཇོ་ནང་རིག་མཛོད་ཆེན་མོ》འགྲེམ་སྤེལ་མཛོད་སྒོ་སྤེལ་བའི་དུས་མཚུངས་སུ་རྒྱལ་ཡོངས་ཀྱི་རིག་ཚན་སོ་སོའི་ཁྱབ་ཁོངས་ནས་ཕེབས་པའི་རིག་གཞུང་ཆེད་མཁས་པ་རྣམས་སྤོས་ལྡན་གྲོང་ཁྱེར་ལ་གདན་ཐོག་གཅིག་ཏུ་འཛོམས་ནས། ཇོ་ནང་རིག་མཛོད་ཆེན་མོ་འདི་དཀྱུས་སུ་བཟུང་སྟེ་སྲོལ་རྒྱུན་གཙུག་ལག་རིག་གནས་ཀྱི་རིན་ཐང་དང་། དེ་ཉིད་དུས་རབས་གསར་པའི་ནང་ལ་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྐོར་ནས་བགྲོ་གླེང་རྒྱ་ཆེན་པོ་ཞིག་གནང་བཞིན་ཡོད་ལ། རྒྱུས་ལོན་བྱུང་བ་ལྟར་ན་འབྲེལ་ཡོད་རིག་གཞུང་བགྲོ་གླེང་ཚོགས་འདུ་ནི་ཚེས་བཅུ་དྲུག་ནས་ཚེས་བཅུ་བདུན་བར་བསྟུད་མར་ཉིན་གཉིས་ཀྱི་རིང་ལ་མུ་མཐུད་དེ་སྤེལ་རྒྱུ་རེད།
