ཝང་ཧུའུ་ཉིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཟླ་བ་༡༠ཚེས་༡༣ཉིན་ནས་ཚེས་༡༦ཉིན་བར་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་དང་། ཏའེ་དབྱང་གྲོང་ཁྱེར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཅས་སུ་རྟོག་ཞིབ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དུས་སྐབས་ཀྱི་འཕེལ་རྒྱས་མངོན་འགྱུར་ཐུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ཤུགས་གཅིག་སྒྲིལ་ལ་སྐུལ་ཆེད། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་འཛུགས་སྐྱོང་ལས་ཀར་སྐུལ་བ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བཅས་ཀྱི་ལས་ཀ་དམ་འཛིན་ཡག་པོ་བྱས་ནས་མི་རིགས་འཆམ་མཐུན་དང་། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་གོང་འཕེལ་གཏོང་དགོས་ཞེས་གསུངས་པ་རེད།

ཝང་ཧུའུ་ཉིང་སློབ་གྲྭ་ཆེ་འབྲིང་དང་ཁྲོམ་གཞུང་འདུས་ཁུལ། རིག་གནས་རྟེན་མཛོད་ཁང་སོགས་སུ་ཕེབས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྐོར་གྱི་ཞིབ་འཇུག་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་། མི་རིགས་ས་ཁུལ་གྱི་སློབ་གསོར་རོགས་སྐྱོར་མཉམ་ལས་བྱེད་པ། རིག་དངོས་སྲུང་སྐྱོབ་བེད་སྤྱོད་སོགས་ཀྱི་ལས་ཀར་རྟོག་ཞིབ་གནང་བ་རེད། ཁོང་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་མཐུན་སྒྲིལ་གྱི་འཚོ་གནས་ལམ་ཕྱོགས་བཙུགས་ནས། ཐུན་མོང་ཐོག་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་། འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་མ་གཏོང་བ། མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་དེ་དཔལ་འབྱོར་དང་སློབ་གསོ། ལས་ཞུགས། འདུས་ཁུལ་འཛུགས་སྐྲུན། རིག་གནས་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་གསར་འཛུགས་སོགས་ཕྱོགས་གང་ཅིའི་ཐད་ལ་ཁྱབ་པར་བྱས་ནས། གཞི་རིམ་ཏང་གི་འཛུགས་སྐྱོང་ཁྲོད་མཉམ་འདྲེས་ཐུབ་པ་དང་། མང་ཚོགས་ཀྱིས་ངོས་འཛིན་གཅིག་མཐུན་ལྔ་རྒྱུན་ཆད་མེད་པར་ཇེ་དྲག་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལག་ལེན་ཡག་པོ་བྱས་ཏེ། ཁྲིམས་ལུགས་ཀྱི་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་ནས་མི་རིགས་ཀྱི་བྱ་བ་ཐག་གཅོད་པ་དང་། ཁྲིམས་ལྟར་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་རྨང་གཞི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ཟབ་མོ་བྱེད་པ་དང་། ལོ་རྒྱུས་དང་རིག་གནས་ཀྱི་སྲུང་སྐྱོང་བེད་སྤྱོད་ལ་ཤུགས་བརྒྱབ་ནས། ཀྲུང་ཧྭའི་ཤེས་རིག་སྣ་མང་གཅིག་གྱུར་ཡིན་པ་མངོན་པར་བྱེད་དགོས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ། མི་རིགས་ཁག་གི་མི་སེར་གྱིས་འཚོ་བ་སྔར་ལས་སྐྱིད་པོ་རོལ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

ཝང་ཧུའུ་ཉིང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་བསྐྱོད་དེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་ཚུལ་ལ་རྒྱུས་ལོན་གནང་བ་རེད། ཁོང་གིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བཟུང་ནས། རང་རྒྱལ་གྱི་ཆོས་ལུགས་དེ་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྣེ་ཁྲིད་ཧུར་ཐག་བྱེད་དགོས། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས། ཆོས་ལུགས་ལས་རིགས་འཆམ་མཐུན་བརྟན་བརླིང་ཡོང་བར་བྱེད་དགོས་ཞེས་གསུངས།
ཝང་ཧུའུ་ཉིང་སི་ཁྲོན་ཞིང་ཆེན་གྱི་སྲིད་གྲོས་ལས་ཁུངས་དང་གསེར་རྟ་རྫོང་སྲིད་གྲོས་ལས་ཁུངས་སུ་ཕྱིན་ནས་སྲིད་གྲོས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་མ་ཟད། སྲིད་གྲོས་ཨུ་ཡོན་དང་ལས་བྱེད་པའི་སྐུ་ཚབ་ཚོར་འཚམས་འདྲི་ཞུས་པ་རེད། ཁོང་གིས་ཏང་གིས་མི་དམངས་སྲིད་གྲོས་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱེད་པ་རྒྱུན་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ཆེད་དུ་སྲིད་གྲོས་ལས་དོན་སྒྲུབ་པའི་ནུས་པ་འདོན་སྤེལ་བྱས་ནས། གཅིག་བསྡུས་བཞི་ལ་དམིགས་ནས། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ལས་དོན་ནན་ཏན་གྱིས་བསྒྲུབ་དགོས་ཞེས་གསུངས་པ་རེད།
རྟོག་ཞིབ་བྱེད་རིང་། ཝང་ཧུའུ་ཉིང་ད་དུང་ཐེན་ཧྥུའུ་སྤེལ་ཁུལ་གསར་པ་དང་འབྲེལ་ཡོད་ཚན་རིག་ཞིབ་འཇུག་ལས་ཁུངས། ཐའེ་ཝན་གྱིས་མ་དངུལ་བཏང་བའི་ཁེ་ལས་བཅས་སུ་ཕེབས་ནས་རྟོག་ཞིབ་གནང་བ་རེད།
ལི་ཀན་ཅེ་ཡིས་ལྷན་དུ་རྟོག་ཞིབ་གནང་བ་རེད།
