ཞི་ཅིན་ཕིང་གིས་སྐབས་140པའི་ཀོང་ཀྲོའུ་ཚོང་འདུས་ལ་ཤིས་འཕྲིན་ཕུལ།
ཟླ་10ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་140པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་གི་ཚོང་འདུས་(ཀོང་ཀྲོའུ་ཚོང་འདུས་)ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
ཞི་ཅིན་ཕིང་གིས། ཀོང་ཀྲོའུ་ཚོང་འདུས་གཉེར་ནས་ལོ་70སོང་རིང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་ནུས་ལྡན་ཞིག་ཏུ་གྱུར་ཡོད། དུས་བབ་གསར་པའི་འོག ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས། ཐུན་མོང་ཐོག་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོའི་ངང་ཤར་གཏོང་ཐུབ་རྒྱུ་འགན་ལེན་བྱེད་པ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་གཉིས་ཕན་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་ཆེད་སྒུལ་ཤུགས་གསར་པ་ཟམ་མི་ཆད་པར་སྣོན་འདོད་ཡོད་ཅེས་བསྟན་གནང་ཡོད།
སྐབས་140པའི་ཀོང་ཀྲོའུ་ཚོང་འདུས་ཉིན་དེར་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། ཚོང་དོན་པུའུ་དང་ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད།
