དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་མདུན་གྱི་བསམ་བློའི་ཆབ་སྲིད་ཀྱི་སློབ་ཐུན། རྔ་བ་ཁུལ་གྱི་2026ལོའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་པའི་དྲན་གསོའི་ཉིན་མོའི་བརྗོད་གཙོའི་དཔེ་སྟོན་བྱེད་སྒོ་ཟུང་ཆུ་རྫོང་དུ་སྤེལ།

ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་77འཁོར་བ་དང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བའི་དུས་དང་བསྟུན་ཏེ། རྔ་བ་ཁུལ་གྱི་2026ལོའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་པའི་དྲན་གསོའི་ཉིན་མོའི་བརྗོད་གཙོའི་དཔེ་སྟོན་བྱེད་སྒོ་དང་གསར་བརྗེའི་བསམ་བློའི་ཆབ་སྲིད་སློབ་གསོའི་སློབ་ཐུན་ཟུང་ཆུ་རྫོང་གཙོ་ཚང་རྒུ་གྲོང་རྡལ་དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་དུ་སྤེལ།

བྱེད་སྒོ་དེ་བརྗིད་ཉམས་ལྡན་པའི་རུ་མི་གསར་པ་རུ་ཁག་ཏུ་ཞུགས་པའི་རུ་ཁག་གི་བརྗོད་གཙོའི་ཉིན་མོའི་མཛད་སྒོའི་ཁྲོད་འགོ་བརྩམས་ཤིང་། རུ་ཁག་འབྲིང་བ་རྣམས་གྲལ་ཕྲེང་ལེགས་པར་བསྒྲིགས་པ་དང་དཔའ་ངར་འབར་བའི་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་དར་དལ་མོར་བསྒྲེངས། རུ་མི་ཡོངས་གཟབ་ནན་ཆེན་པོས་ཡར་འགྲེངས་ནས་གུས་འདུད་ཞུ་བ་དང་ཆབས་ཅིག་རུ་གླུ་མཉམ་དུ་བླངས། ཡུལ་དངོས་རང་ནས་རུ་མི་གསར་པའི་མིང་ཐོ་བསྒྲགས་པ་དང་རུ་མི་རྒན་པ་རྣམས་ཀྱིས་རུ་མི་གསར་པར་གོང་དཀྲིས་དམར་པོ་བཏགས་པ་སོགས་མཛད་སྒོ་ཡོངས་གཟབ་ནན་ཆེ་བ་དང་གོ་རིམ་ལྡན།

རུ་ཁག་ཆེན་པོའི་ཟུར་ཁྲིད་པའི་སྣེ་ཁྲིད་འོག་རུ་མི་གསར་པ་རྣམས་ཀྱིས་བརྗིད་ཉམས་ལྡན་པའི་དམ་བཅའ་བཞག་པ་དང་རུ་མི་རྒན་པ་དག་གིས་ཀྱང་དུས་མཉམ་དུ་དང་པོར་རུ་ཁག་ཏུ་ཞུགས་པའི་དམ་བཅར་བསྐྱར་དྲན་བྱས། རུ་མི་གསར་པའི་འཐུས་མིས་འབད་བརྩོན་བྱ་བའི་རྣམ་འགྱུར་དཔའ་ངར་གྱིས་ཕྱུག་པ་དང་སློབ་གྲྭའི་ལོ་ཆུང་ལས་དོན་ཨུ་ལྷན་གྱིས་ལོ་ཆུང་གདོང་ལེན་རུ་མི་ཡོངས་འཚར་ལོངས་འབྱུང་བར་རེ་བ་ཆེན་པོ་བཅོལ།
ཟུང་ཆུ་རྫོང་གཙོ་ཚང་རྒུ་སློབ་ཆུང་གི་སློབ་མ་སྐལ་བཟང་ལྷ་མོ་ཡིས“རུ་ཁག་བཙུགས་པའི་ཉིན་མོར། ང་ཚོ་དགེ་སློབ་ཡོངས་དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་དུ་སོང་ནས་རུ་ཁག་ཏུ་ཞུགས་པ་དང་རུ་འབྲིང་གསར་པའི་དར་ཆ་གནང་བའི་མཛད་སྒོར་ཞུགས་པས། ང་ཡི་སེམས་པ་དགའ་སྤྲོ་དང་གཟི་བརྗིད་ཀྱིས་བརྟས་སོང་། མ་འོངས་པར་ང་ཡིས་རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲང་བ་དང་སློབ་ལ་བརྩོན་ཞིང་བློ་གྲོས་སྐྱེད་པ། དཔའ་སྤོབས་ཆེན་པོས་ཕུགས་བསམ་བསྙེག་ཏེ། རྒྱང་བསྐྱོད་གསར་པའི་ལམ་གྱི་མཐུད་རྒྱུག་པ་ཞིག་བྱ་དགོས”ཟེར།

རུ་ཁག་ནང་ཞུགས་པའི་མཛད་སྒོ་མཇུག་བསྒྲིལ་རྗེས། ཡུལ་དངོས་རང་གི་གསར་བརྗེའི་བསམ་བློ་ཆབ་སྲིད་སློབ་ཐུན་དངོས་སུ་ཁྲིད་འགོ་བརྩམས་པ་རེད། རུ་མི་ཡོངས་ཀྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་གསར་པ་ཕུལ་བ་དང་གཟབ་ནན་ཆེན་པོས་གུས་འདུད་ཞུས་ནས་གསར་བརྗེའི་སྔོན་བྱོན་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ལོ་ཟླར་དྲན་གསོ་ཟབ་མོ་ཞུས། གོང་དཀྲིས་དམར་པོའི་འགྲེལ་བཤད་པས་ཧྲ་ཝོ་ཚོགས་འདུ་དང་དམུ་དགེ་ཚོགས་འདུ་ཡི་སྐོར་ནས་གསར་བརྗེ་ཡི་སྒྲོག་འགྲེལ་བྱས་ཏེ། རྔ་བའི་ས་ཁོངས་སུ་དམར་དམག་རྣམས་དམག་དམངས་གཅིག་སེམས་གཅིག་ཏུ་མཐུན་པའི་ངང་མདུན་སྐྱོད་བྱས་པའི་རྒྱང་སྐྱོད་ཀྱི་གཏམ་རྒྱུད་གསོན་ཉམས་ལྡན་པ་བརྗོད་ནས་རུ་མི་རྣམས་གསར་བརྗེའི་ལོ་རྒྱུས་ལ་མྱོང་ཚོར་ཟབ་མོ་ཡོད་པར་བྱས།
ཟུང་ཆུ་རྫོང་གཙོ་ཚང་རྒུ་སློབ་ཆུང་གི་སློབ་མ་སྐལ་བཟང་རྒྱ་མཚོ་ཡིས“ད་ཐེངས་ཀྱི་རུ་ཁག་བཙུགས་པའི་ཉིན་མོ་ཡི་བྱེད་སྒོ་དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་སོང་། གཟི་བརྗིད་ལྡན་པའི་རྒྱང་བསྐྱོད་སྙིང་སྟོབས་ཀྱིས་ང་ལ་སྐུལ་མ་ཟབ་མོ་བྱེད་ཀྱི་ཡོད། ངས་བློ་བརྟན་འགྱུར་མེད་ངང་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་དཀའ་ངལ་ལ་མི་སྐྲག་པར་གསར་བརྗེ་ཡི་གཞི་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱས་ཏེ། དུས་རབས་གསར་པའི་ཚད་དང་ལྡན་པའི་ལོ་ཆུང་གདོང་ལེན་རུ་མི་ཞིག་བྱེད་པར་འབད་བརྩོན་བྱ་དགོས”ཟེར།

བྱེད་སྒོ་ཡི་རིང་དུ། རུ་མི་ཡོངས་སྔ་ཕྱིར་སོན་འདེབས་ཐང་ཆེན་དང་འཛེང་རྡོའི་བརྐོས་བརྙན་འགྲེམས་ཁུལ་དུ་བསྐྱོད་ནས་ཞིབ་འཇུག་སློབ་སྦྱོང་བྱས། ཀུན་གྱིས་ཡུལ་དངོས་རང་ནས་ལྟ་སྦྱོང་མྱོང་ཚོར་དང་དཔའ་བོའི་མཛད་རྗེས་ལ་མཉན་པར་མ་ཟད། ལྗོངས་ཁམས་དངོས་དང་དངོས་གཟུགས་དངོས་ཀྱི་གསར་བརྗེ་ཡི་སློབ་ཐུན་ལ་བརྟེན་ནས་བསམ་བློར་བྱབས་ཁྲུས་བྱས་ཏེ། རྒྱལ་གཅེས་ཏང་གཅེས་དང་ཕ་ཡུལ་ལ་གཅེས་པའི་བརྩེ་སེམས་ཟབ་མོ་བསྐྱེད་དོ། །
