པཎ་ཆེན་རིན་པོ་ཆེས་གཞིས་ཀ་རྩེར་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་ཡོད།
པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་སུ་འགན་འཁྲི་སྒྲུབ་པ་དང་འབྲེལ་གཞིས་ཀ་རྩེ་གྲོང་ཁྱེར་དུ་སྤྱི་ཚོགས་གཟིགས་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བ་རེད།

པཎ་ཆེན་རིན་པོ་ཆེ་མཆོག་གིས་པ་སྣམ་རྫོང་བྱམས་དགོན་ཆོས་སྡེ་དགོན་དུ་གཟིགས་མཇལ་གནང་ཞིང་བཀའ་ཆོས་གསུང་བཞིན་པ།
ཟླ་ཤས་རིང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་སུ་འགན་འཁྲི་སྒྲུབ་པ་དང་འབྲེལ་གཞིས་ཀ་རྩེ་གྲོང་ཁྱེར་དུ་སྤྱི་ཚོགས་གཟིགས་ཞིབ་དང་ཆོས་ཕྱོགས་མཛད་སྒོ་སྤེལ་ནས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་མཛད།

པཎ་ཆེན་རིན་པོ་ཆེ་མཆོག་ཀྲུང་གོ་ནང་བསྟན་མཐུན་ཚོགས་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པར་ཞུགས་བཞིན་པ།
ཟླ༩པའི་ཚེས༡༩ཉིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་འཚོགས། པཎ་ཆེན་རིན་པོ་ཆེ་མཆོག་གིས། ད་ཐེངས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གོ་ནང་བསྟན་མཐུན་ཚོགས་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ལྷན་གྱི་ལོ་ལྔའི་ལས་དོན་འཆར་གཞི(༢༠༢༦-༢༠༣༠)》ཡིས་དུས་རིམ་རྗེས་མའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། བློ་བརྟན་འགྱུར་མེད་ངང་རྒྱལ་གཅེས་ཆོས་གཅེས་མཐའ་འཁྱོངས་ཀྱིས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས། རང་ངོས་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ་འབྲེལ་ཟམ་གྱི་ནུས་པ་ཡག་པོ་འདོན་དགོས་ཞེས་ནན་གྱིས་གསུངས།
ཟླ༩པའི་ཚེས༣༠ཉིན། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་སྐབས་བཅུ་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཚོགས་འདུ་ཐེངས༦པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གཞིས་ཀ་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་མཛད་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བཅས་གནང་། པཎ་ཆེན་རིན་པོ་ཆེ་མཆོག་གིས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་བརྒྱབ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དང་བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་སྲོལ་ཡིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་དང་མཉམ་དུ་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་སྲོག་ཤིང་དུ་འཛིན་པ་མཐའ་འཁྱོངས་བྱས་ནས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ་དང་། མཐའ་ཚད་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་རྒྱུན་གཏན་གྱི་སྐོར་ཞིབ་དང་སྲུང་སྐྱོང་དོ་དམ་ལ་ཤུགས་བརྒྱབ་ནས། མེ་ཟོན་དང་། རིག་དངོས། འགྲིམ་འགྲུལ་སོགས་ཐད་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ནས། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་གསུངས།

པཎ་ཆེན་རིན་པོ་ཆེ་མཆོག་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་བོད་ལྗོངས་ཀྱི་མི་ཚང་མའི་བདེ་ཐང་གི་སྤྱི་ཕན་ལས་གཞི་ལག་ལེན་བསྟར་ནས་ལོ་ལྔ་འཁོར་བའི་དྲན་གསོའི་འགྲེམས་སྟོན་ལ་ཞུགས་བཞིན་པ།
དེའི་རིང་ལ། པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས༧པ་སོགས་ལ་གཙོ་སྐྱོང་གནང་བ་དང་། བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི“བོད་ལྗོངས་ཀྱི་མི་ཚང་མའི་བདེ་ཐང”གི་སྤྱི་ཕན་ལས་གཞི་ལག་བསྟར་བྱས་ནས་ལོ་ལྔ་འཁོར་བའི་དྲན་གསོའི་འགྲེམས་སྟོན་དང་། བོད་ལྗོངས་ཀྱི་གཞོན་ནུའི་མཛེས་རྩལ་མཐུན་སྦྱོར་ཚོགས་ཆེན་གྱི་བྱེད་སྒོར་ཞུགས་ཤིང་། བཀྲ་ཤིས་ལྷུན་པོ་དགོན་པའི་དགོན་སྡེ་དོ་དམ་ཨུ་ལྷན་དང་བཀྲ་ཤིས་ལྷུན་པོ་དགོན་པའི་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ལས་དོན་སྙན་སེང་ལ་གསན་ནས་འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་མཛད།

པཎ་ཆེན་རིན་པོ་ཆེ་མཆོག་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་བོད་ལྗོངས་ཀྱི་གཞོན་ནུའི་མཛེས་རྩལ་མཐུན་སྦྱོར་ཚོགས་ཆེན་གྱི་བྱེད་སྒོར་ཞུགས་བཞིན་པ།
པཎ་ཆེན་རིན་པོ་ཆེ་མཆོག་གིས་སྔ་རྗེས་སུ་ཁང་དམར་རྫོང་གནས་རྙིང་དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གཟིགས་སྐོར་གནང་བ་དང་། བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་བདེ་སྐྱིད་འདུས་ཁུལ་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཚིགས་སུ་བརྟག་ཞིབ་གནང་། པཎ་ཆེན་རིན་པོ་ཆེ་མཆོག་གིས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱས་ཚེ། བོད་ལྗོངས་ལ་གཞི་ནས་འཕེལ་རྒྱས་ཡར་ཐོན་གྱི་ད་ལྟ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོད་ངེས་ཞེས་གསུངས།

པཎ་ཆེན་རིན་པོ་ཆེ་མཆོག་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཚིགས་སུ་ཕེབས་ནས་གཟིགས་ཞིབ་གནང་།
པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཁོང་ས་སྐྱ་རྫོང་ལི་གྲོ་འདེབས་འཛུགས་ལས་སྣོན་རྟེན་གཞིར་ཕེབས་ནས་ཞིང་ནང་དུ་ལི་གྲོའི་སྐྱེ་ཚུལ་ལ་གཟིགས་པ་དང་། བཞད་མཐོང་སྨོན་རྫོང་བོད་ལྗོངས་ཨ་རུ་རྣམ་རྒྱལ་བོད་ལུགས་གསོ་རིག་བོད་སྨན་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དུ་ཕེབས་ནས། བོད་ལུགས་གསོ་རིག་དང་བོད་སྨན་རིག་གཞུང་དྲང་སྲུང་གསར་འབྱེད་དང་ལས་ཞུགས་ཐག་གཅོད་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་། ཆབ་ཁ་ཆུ་ཚན་ལུས་གསོའི་ཡུལ་སྐོར་གྲོང་རྡལ་དུ་ཕེབས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་དམངས་སྲོལ་གནས་ཚང་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། བརྟག་ཞིབ་གནང་བའི་རིང་ལ། པཎ་ཆེན་རིན་པོ་ཆེ་མཆོག་གིས་ས་གནས་ཁག་གི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་པར་དགྱེས་ཚོར་ཆེན་པོ་གནང་ཞིང་། ཁོང་གིས། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ༧༥འཁོར་བའི་རིང་ལ། བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་འགྱུར་བའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག བོད་རང་སྐྱོང་ལྗོངས་ཏང་ཨུ་ཡིས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ང་ཚོས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་ཐུབ་ངེས་རེད་ཅེས་གསུངས།

པཎ་ཆེན་རིན་པོ་ཆེ་མཆོག་གིས་བཞད་མཐོང་སྨོན་རྫོང་བོད་ལྗོངས་ཨ་རུ་རྣམ་རྒྱལ་བོད་ལུགས་གསོ་རིག་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་སིར་གཟིགས་ཞིབ་གནང་བཞིན་པ།
པཎ་ཆེན་རིན་པོ་ཆེ་མཆོག་གིས་གཞིས་ཀ་རྩེར་ཆོས་ཕྱོགས་ཀྱི་མཛད་སྒོ་སྣ་ཚོགས་སྤེལ་ནས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྨོན་ལམ་འཚོགས་པ་དང་། བཀྲ་ཤིས་ལྷུན་པོ་དགོན་གྱི་ན་གཞོན་དགེ་འདུན་པ་ཁག་ཅིག་ལ་དགེ་འདུན་པའི་སྐྲ་ཕུད་བཞེས་ནས་དགེ་ཚུལ་གྱི་སྡོམ་པ་གནང་། བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པས་མཉམ་དུ་སྨོན་ལམ་འཚོགས་པ་དང་གཟིགས་མོ་ཆེ་མོའི་འཆམ་སོགས་ཀྱི་མཛད་སྒོར་ཞུགས་པར་མ་ཟད། དད་ལྡན་མང་ཚོགས་ལ་ཕྱག་དབང་ཡང་གནང་། དེའི་རིང་ལ་པཎ་ཆེན་རིན་པོ་ཆེ་མཆོག་གིས་ད་དུང་ཁང་དམར་རྫོང་གནས་རྙིང་ཆོས་སྡེ་དགོན་དང་། པ་སྣམ་རྫོང་བྱམས་དགོན་ཆོས་སྡེ་དགོན། བཤད་སྒྲུབ་གླིང་དགོན་བཅས་སུ་གནས་གཟིགས་གནང་ཞིང་བཀའ་ཆོས་གསུངས། དགོན་སྡེ་ཁག་གིས་ཆོས་ལུགས་ཀྱི་གུས་སྲོལ་མཐོ་ཤོས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཕེབས་བསུ་ཞུས་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། ས་ལུང་ཕུན་ལགས། པད་མ་དབང་འདུས། ཡུས་ཡུན་ཀུའེ་བཅས་འབྲེལ་ཡོད་མཛད་སྒོར་ཞུགས་ཡོད།

པཎ་ཆེན་རིན་པོ་ཆེ་མཆོག་བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པ་ཚོས་མཉམ་དུ་སྨོན་ལམ་གསུང་བའི་མཛད་སྒོར་ཞུགས་བཞིན་པ།
