ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཕྲོད་བདེ་གོང་འཕེལ་གྱི་ལམ་དུ་སྐྱོད།
མི་དམངས་ཀྱི་བདེ་ཐང་ནི་མི་རིགས་དར་རྒྱས་དང་རྒྱལ་ཁབ་འབྱོར་ཕྱུག་གི་མཚོན་རྟགས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཀྲུང་གོའི་རྒྱལ་ཚུལ་ནས་འགོ་བཙུགས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཕྲོད་བསྟེན་དང་བདེ་ཐང་གི་གོང་འཕེལ་ལམ་བུའི་ཐོག་སྐྱོད་པ་དང་། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་དོན་འཁྱོལ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཚུགས་ལོར། རང་རྒྱལ་གྱིས་སྨན་བཅོས་འཕྲོད་བསྟེན་གྱི་གཙོ་གནད་གཞི་རིམ་དུ་ཁ་ཕྱོགས་པ་དང་སྤུས་ལེགས་ཐོན་ཁུངས་གཞི་རིམ་དུ་འབྱོར་བར་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། སྨན་བཅོས་དང་སྔོན་འགོག་ཟུང་འབྲེལ་གྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ཐོག བདེ་ཐང་གི་འགག་གནད་དེ་སྤྱི་ཚོགས་བཅོས་སྒྲིག་གི་ལྷུ་ཚིགས་གང་སར་ཁྱབ་པ་བྱས་པ་དང་། མི་ཚོགས་ཡོངས་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་ཁྱབ་པའི་བདེ་ཐང་དྲ་བ་ཚགས་དམ་པོ་བསྐྲུན་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ཆེད་བདེ་ཐང་གི་རྨང་གཞི་བརྟན་པོ་འདིང་བཞིན་ཡོད་པ་རེད།
ཞ་མོན་སློབ་ཆེན་ཞོར་གཏོགས་སྙིང་ཁམས་ཁྲག་རྩའི་ནད་སྨན་ཁང་དུ། སྨན་ཞབས་ཚོགས་པས་གོམ་སྟབས་དབྱེ་ཞིབ་འཕྲུལ་ཆས་དང་ལེ་ཏའི་ལྟ་བཤེར། རིག་ནུས་ལག་གདོགས་ཆུ་ཚོད་བཅས་ཟུང་དུ་འབྲེལ་བའི་ལངས་གཟུགས་འགོག་སྲུང་མ་ལག་བསྐྲུན་ཡོད། སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་མཁན་གྱི་འགྱེལ་སླ་བའི་ནད་པ་ནད་ཁྲི་ལས་བབས་མ་ཐག་སྨན་ཞབས་པའི་རིག་ནུས་ལག་གདོགས་ཆུ་ཚོད་ལས་ཉེན་བརྡ་གྲགས་ཏེ། སྨན་ཞབས་པར་འཕྲལ་དུ་ནད་ཁྲིའི་འགྲམ་དུ་ཕྱིན་ནས་ནད་པར་སྲུང་སྐྱོབ་བྱ་རྒྱུའི་དྲན་སྐུལ་བྱེད་ཀྱི་ཡོད།ཞ་མོན་སློབ་ཆེན་ཞོར་གཏོགས་སྙིང་ཁམས་ཁྲག་རྩའི་ནད་སྨན་ཁང་གི་སྙིང་ནད་ཚན་ཁག་ལྔ་པའི་སྨན་ཞབས་དཔོན་ལི་ཅ་ཧྭ་ཡིས། ནད་པ་སྨན་ཁང་དུ་སྡོད་སྐབས་ང་ཚོས་གོམ་སྟབས་དབྱེ་ཞིབ་འཕྲུལ་ཆས་སྤྱད་ནས་གོམ་སྟབས་ཏག་ཏག་མ་བསྡད་པའི་ནད་པ་ངོས་འཛིན་གནད་ལ་འཕིགས་པོ་ཐུབ་པས། ནད་པ་དེ་རིགས་འགྱེལ་སླ་བའི་ཉེན་ཆེའི་ནད་པར་དབྱེ་བ་འབྱེད་དེ། ཧའོ་སྨི་འགུལ་རླབས་སྤྱད་ནས་ལྟ་འདོམས་བྱེད་ཀྱི་ཡོད། དེ་ལྟར་བྱས་པས་ང་ཚོ་སྨན་ཞབས་པས་ནད་པ་འགྱེལ་བའི་གནས་ཚུལ་སྔོག་འགོག་གནད་འཕིགས་ཐུབ་ཀྱི་ཡོད་ཅེས་བརྗོད་པ་རེད།
མི་ཚང་མ་བདེ་ཐང་ཡོང་བ་བྱ་རྒྱུ་ནི་ཀུན་གྱི་རེ་འདུན་བཟང་པོ་དང་རེ་སྒུག་བྱ་གཞི་གལ་ཆེན་ཞིག་རེད། 2021ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས། མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་མིན་གྱི་དམིགས་ཚད་གལ་ཆེན་ཞིག་ནི་བདེ་ཐང་རེད། བདེ་ཐང་ནི་ཨང་ཀི་1དེ་ཡིན། གཞན་དག་ཐམས་ཅད་དེའི་རྗེས་ཀྱི་ཨང་ཀི་0རེད། གལ་སྲིད་མདུན་གྱི་ཨང་ཀི་1དེ་མེད་པ་ཡིན་ན་རྗེས་སུ་ཨང་ཀི་ག་ཚོད་ཡོད་ཀྱང་ཕན་ཐོགས་མེད། ང་ཚོས་དེ་སྔ་ཐོབ་པའི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག ད་དུང་མུ་མཐུད་འཕྲོད་བསྟེན་བདེ་ཐང་བྱ་གཞག་གོང་འཕེལ་གཏོང་དགོས་ཞེས་བསྟན་གནང་ཡོད།
མི་དམངས་རྩ་བའི་རྩེ་ལ་འཛིན་པ་དང་། ཚེ་སྲོག་གོང་དུ་བཀུར་དགོས། སྤྱི་ཁྱབ་ཧྲུའུ་ཅིས་གཟིགས་རྒྱང་རིང་པོའོ་སྒོ་ནས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ས་གནས་ཁག་དང་ཚན་པ་ཁག་གིས་སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་ཚང་འཛུགས་པ་དང་། སྤུས་ལེགས་ནུས་ཆེའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་པ། བདེ་ཐང་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་ཐབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། བདེ་ཐང་ཀྲུང་གོའི་མཛེས་རིས་གསར་པ་ཟམ་མི་ཆད་པར་འབྲི་བཞེངས་བྱེད་བཞིན་ཡོད།
འགྲོ་སྐྱོད་མི་བདེ་བའི་གཅོང་ནད་ཕོག་པའི་ནད་པ་དང་གཤགས་བཅོས་བྱས་ཟིན་རྗེས་ཁམས་གསོ་བྱེད་བཞིན་པའི་ནད་པ་ཁྱིམ་དུ་ལུས་ནས་སྨན་བཅོས་བྱེད་དཀའ་བའི་དཀའ་གནད་ཐག་གཅོད་ཏན་ཏིག་བྱ་ཆེད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་2024ལོར་“ཁྱིམ་དུ་སྐྱོད་པའི་ཞབས་ཞུའི་འགྲོ་གྲོན་”གྱི་རིན་གོང་རྣམ་གྲངས་གསར་དུ་བསྣན་པ་དང་། དམངས་ཕན་གྱི་སྲིད་ཇུས་དེར་བརྟེན་ནས། སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གི་རྒྱུན་མཐུད་ནད་སྐྱོང་ལྟེ་གནས་ཀྱིས་རང་འགུལ་ངང་ཞབས་ཞུ་རྒྱ་སྐྱེད་བཏང་བས། ནད་པ་སྨན་ཁང་དུ་ཕར་འགྲོ་ཚུར་འོང་བྱེད་པའི་དཀའ་ཚེགས་ཆུང་དུ་ཕྱིན་ཡོད་པ་རེད།
དགུང་ལོ་107ལ་ཕེབས་པའི་ལྷོ་ནུབ་ནོར་དཔལ་སློབ་ཆེན་གྱི་ལས་འཁྱུར་ངལ་གསོ་གནང་བའི་དགེ་རྒན་ཆེ་མོ་བ་ཧྲུའེ་ཤན་ཀོང་གི་ཁྱིམ་དུ། སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་སྐྲན་ནད་ལྟེ་གནས་ཀྱི་གཙོ་གཉེར་སྨན་གཡོག་ཏོན་ལིང་གིས་ལག་བརྡ་སྟོན་པ་དང་། ཡི་གེ་འབྲི་བ་སོགས་བྱས་ཏེ་རྒན་རྒོན་ལ་ཁམས་གསོའི་ཐད་ངེས་དགོས་པའི་དོན་གནད་ཁག་གཅིག་གསལ་བཤད་ཞིབ་ཕྲ་བྱས་ཡོད། ཏོན་ལིང་གིས་གཟའ་འཁོར་རེར་རྒན་རྒོན་གྱི་འགྲམ་ལ་ཐེངས་རེ་ཕྱིན་ནས་PICCཡི་འདྲེན་སྦུག་ལ་ཆེད་ལས་ཀྱི་བདག་སྐྱོང་ཐེངས་རེ་བྱེད་ཀྱི་ཡོད། ཁྱིམ་དུ་ཕྱིན་ནས་ནད་གཡོག་རྒྱག་པའི་འགྲོ་གྲོན་ཁྲོད་སྨན་བཅོས་ཞབས་ཞུའི་འགྲོ་གྲོན་དང་སྨན་བཅོས་ཡོ་བྱད་ཟད་གྲོན་གྱི་དངུལ་ཚང་མ་སྨན་བཅོས་འགན་བཅོལ་བརྒྱུད་དེ་རྩིས་ཞུ་བྱེད་ཀྱི་ཡོད།
ཏོན་ལིང་གིས། ང་ཚོའི་སྨན་ཁང་དུ་ཡོང་ནས་སྨན་ཁབ་སྦུ་གུ་ལུས་ཐོག་ཏུ་སྦས་རྗེས་ཐད་ཀར་ཁྱིམ་དུ་ལོག་ཆོག་གི་ཡོད། ད་ལྟ་དགོས་པ་ནི་དུས་ཡུན་རིང་པོར་སྡོད་རྩའི་ནང་དུ་འཚོ་བཅུད་ཁ་གསབ་ཀྱི་གཤེར་ཁུ་བླུག་རྒྱུ་དེ་ཡིན། རྒན་རྒོན་ཁོང་གི་བཞིན་ལས་འཛུམ་མདངས་འཕྱུར་བ་དེ་ནི་ངའི་ལས་ཀར་ཁས་ལེན་ཡག་ཤོས་གནང་བ་ཞིག་རེད་ཅེས་བརྗོད་པ་རེད།
ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་ཆེ་ཤོས་ཀྱི་དོན་དག་ཅིག་རེད། ད་ཆ་ལུས་རྩལ་སློབ་ཚན་འདང་ངེས་འཚོགས་པ་དང་། སློབ་གྲྭའི་མཛེས་རིག་སློབ་གསོ་ཧུར་ཐག་སྤེལ་བ། སེམས་ཁམས་བདེ་ཐང་སློབ་གསོ་ཁྱབ་གདལ་གཏོང་བ་སོགས་“བདེ་ཐང་ཨང་དང་པོར་འཇོག་པ་”ཡི་སློབ་གསོའི་འདུ་ཤེས་དེ་བརྒྱུད་རིམ་རང་བཞིན་གྱི་ལམ་ལུགས་ཇུས་འགོད་ཀྱི་རྣམ་པའི་ཐོག་ནས་སློབ་ཚན་བཀོད་སྒྲིག་དང་། ལུས་རྩལ་ཐང་། སློབ་མའི་གདེང་འཇོག་ཚད་གཞི་བཅས་ཀྱི་ཐོག་མཐོང་རྒྱུ་ཡོད་པར་གྱུར་ཡོད། ཅང་སུའུ་ཞིང་ཆེན་ཁྲང་ཧྲུའུ་གྲོང་ཁྱེར་ལུའི་ཏི་ཚོད་ལྟའི་སློབ་ཆུང་སློབ་ཁྲིད་ཁྲུའུ་ཡི་ཀྲུའུ་རེན་གཞོན་པ་ཁྲེང་ཤའོ་དབྱི་ཡིས། ལུས་རྩལ་སློབ་ཚན་ཐོག་རིམ་པ་དབྱེ་ནས་སློབ་ཁྲིད་བྱེད་པ་དང་། ཁྱིམ་ཚང་དང་སློབ་གྲྭ་གཉིས་ཀྱིས་མཉམ་དུ་གཞོགས་འདེགས་བྱས་ཏེ། གྲོགས་པོ་ཆུང་ཆུང་ཚོའི་ལུས་སྟོབས་ཡག་ཏུ་གཏོང་བ་དང་། ཕྲུ་གུ་ཚོར་ལུས་རྩལ་གྱི་བློ་སྤོབས་ཆེ་རུ་གཏོང་རོགས་བྱས་ཏེ། ཁོང་ཚོའི་གཟུགས་པོའི་བྱང་ཚད་རིམ་བཞིན་ལེགས་སུ་གཏོང་བ་སོགས་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།
མུ་མཐུད་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱིས་འཛམ་གླིང་སྟེང་གི་གཞི་ཁྱོན་ཆེས་ཆེ་བའི་སྨན་བཅོས་ཞབས་ཞུའི་མ་ལག་བཙུགས་ཟིན་ཞིང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཁྲི་110ལྷག་ཡོད་པ་དང་། 90%ཡན་གྱི་སྡོད་དམངས་ཚང་མ་སྐར་མ་15ཡི་ནང་ཚུན་དུ་ཐག་ཉེ་ཤོས་ཀྱི་སྨན་བཅོས་ཞབས་ཞུའི་ས་ཚིགས་སུ་སླེབས་ཐུབ་ཀྱི་ཡོད།
2035ལོར་སླེབས་སྐབས་བདེ་ཐང་ཀྲུང་གོ་བསྐྲུན་ཚར་བ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་ནི་དམིགས་འབེན་འདི་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ཤིག་རེད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་དྲ་རྒྱ་རྒྱུན་མཐུད་ངང་བརྟན་དུ་བཏང་ནས། འཕྲོད་བསྟེན་བདེ་ཐང་བྱ་གཞག་དེ་ཀུན་ཕན་དོ་སྙོམས་དང་དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པའི་ཕྱོགས་སུ་བརྟན་པོའི་ངང་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མི་དམངས་དུང་ཕྱུར་མང་པོའི་ཕུགས་འདུན་དང་རེ་བ་འཁྱེར་བའི་བདེ་སྐྱིད་ཀྱི་ལམ་བུ་ཞིག་རིམ་གྱིས་འདིང་བཞིན་ཡོད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཐང་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ལེ་ཧའེ་ཁྲའོ་ཡིས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ནད་བཅོས་ལྟེ་བར་འཛིན་པ་ནས་བདེ་ཐང་ལྟེ་བར་འཛིན་པའི་ཕྱོགས་སུ་བསྒྱུར་རྒྱུར་སྔར་བས་མཐོང་ཆེན་བྱས་ཏེ། མང་ཚོགས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། བདེ་ཐང་ཞབས་ཞུའི་ཐད་དེ་བས་ཀུན་ཕན་ཡོངས་ཁྱབ་དང་། དེ་བས་གོ་རིམ་ལྡན་ཞིང་རྒྱུན་མཐུད་ཡོང་བ་བྱེད་དགོས་ཞེས་བརྗོད་ཡོད།
