ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧྲི་ཞའོ་ལིན་གྱིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་བ།

ཟླ་བ་10་པའི་ཚེས་6ཉིན་ནས་ཚེས8ཉིན་བར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧྲི་ཞའོ་ལིན་གྱིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་མི་རིགས་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཕེལ་རྒྱས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལ་གཞི་བཅོལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་འཛིན་པ་མཐའ་འཁྱོངས་བྱས་ནས། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པ། དེ་བཞིན་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཁ་ཞེ་གཉིས་མེད་སྒོས་་དམངས་འཚོ་ལ་འགན་ལེན་དང་ལེགས་བཅོས་བྱེད་པ། མི་རིགས་ས་ཁུལ་ཡུན་རིང་བདེ་འཁོད་ཡོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པོ་འཛུགས་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་མཉམ་དུ་ཕྱུག་པོ་ཆགས་རྒྱུར་སྔར་ལས་སྐུལ་མ་ཡག་པོ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཧྲི་ཞའོ་ལིན་སྡེ་རོང་རྫོང་དང་འབའ་ཐང་རྫོང་། བྲག་འགོ་རྫོང་སོགས་སུ་ཕེབས་ནས་ཐོན་ལས་འཛུགས་སྐྲུན་དང་རྣམ་གྲངས་འཛུགས་སྐྲུན། རིག་གནས་ཡུལ་སྐོར་མཉམ་འདྲེས། སློབ་གསོ་སྨན་བཅོས། གྲོང་གསེབ་དར་རྒྱས། དགོན་སྡེ་དོ་དམ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བར་མ་ཟད། དཀའ་ངལ་ཡོད་པའི་མང་ཚོགས་དང་རོགས་སྐྱོར་དགེ་རྒན་གྱི་འཐུས་མིར་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས་དཀར་མཛེས་ཁུལ་ནི་བོད་ལྗོངས་བརྟན་ལྷིང་དང་མདོ་ཁམས་བདེ་འཇགས་ཀྱི་འཐབ་ཇུས་ས་ཆ་གལ་ཆེན་ཞིག་ཡིན་ལ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། འགན་འཁྲི་འཁུར་ཕོད་ཅིང་ཞིང་ཆེན་ཏང་ཨུས་བསྩལ་བའི་སི་ཁྲོན་ནུབ་བྱང་སྣོད་བཅུད་དཔེ་སྟོན་ཁུལ་གྱི་གནས་བབ་གཏན་འཁེལ་བྱ་རྒྱུར་དམ་འཛིན་ལྷོད་མེད་བྱས་ཏེ། ཁ་ཕྱོགས་གསར་པ་དང་ལེགས་པའི་ཆ་རྫོགས་པ། གང་ཐུབ་ཅི་ཐུབ་ཀྱིས་དམངས་འཚོ་ལེགས་སྒྱུར་དང་དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་ལྷིང་སོགས་ཀྱི་ལས་དོན་ནན་ཏན་ངང་བསྒྲུབས་ནས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་ཡི་མགོ་ཡག་པོ་ཚུགས་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པར་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་དགེ་མཚན་གསར་པ་ཟམ་མི་ཆད་པར་བསྣན་ཏེ། མི་རིགས་ཁག་གི་མང་ཚོགས་རྣམས་འཚོ་བ་དེ་ལས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་པ་བྱེད་དགོས་ཞེས་གསུངས།

ཧྲི་ཞའོ་ལིན་གྱིས་མུ་མཐུད་ནས་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུའི་ཐད་བླང་བྱ་བཏོན་ཞིང་། འཕེལ་རྒྱས་ལས་གཞི་དངོས་ལ་བརྟེན་དགོས་པ་སྟེ། དྲ་བ་དྲུག་བསྐྲུན་པ་དང་། གལ་ཆེན་གཉིས། གསར་པ་གཉིས་སོགས་ཟུང་འབྲེལ་བྱས་ཏེ། ས་ཁོངས་སོ་སོའི་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་རྨང་གཞིར་གཞིགས་ནས། མ་དངུལ་ཐོན་ཁུངས་ཚན་རིག་དང་མཐུན་ཞིང་ལས་ཆོད་ཆེ་བའི་སྒོ་ནས་བེད་སྤྱོད་ལུགས་མཐུན་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་གློག་ཤུགས་དྲ་སྦྲེལ། ཐོན་ལས་གོང་སྤེལ། གྲོང་གསེབ་དར་རྒྱས། གྲོང་ཁྱེར་བསྒྱུར་བཀོད། ཁོར་ཡུག་སྲུང་སྐྱོབ། འཕྲལ་སྡོམ་བདེ་འཇགས། མི་དམངས་བྱ་གཞག་སོགས་ཀྱི་ཁྱབ་ཁོངས་གཙོ་བོ་དག་ལ་དམིགས་ནས་རྩ་བ་ཚུགས་ཤིང་ཕན་འབྲས་ཆེ་བ་དང་། རྒྱུན་མཐུད་ཁྲལ་འབབ་བསྐྲུན་ཐུབ་པའི་ལས་གཞི་སྤུས་ལེགས་ཁག་ཅིག་ཇུས་འགོད་གསོག་འཇོག་ལག་ལེན་བསྟར་དགོས། སྤུས་ཚད་དང་བདེ་འཇགས་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འགྲིམ་འགྲུལ་དང་ནུས་ཁུངས་སོགས་ལས་གྲྭ་ཆེན་པོ་དག་གོ་རིམ་ལྡན་པའི་ངང་ནས་སྤེལ་དགོས། ལམ་འགྲམ་ཉེ་འཁོར་མཐུན་སྦྱོར་སྒོས་འཆར་གཞི་འགོད་པ་དང་གསར་གཏོད་བྱས་ཏེ། འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ་དང་འཕར་སྣོན་གྱི་རྒྱབ་རྟེན་སྲ་བརྟན་དུ་གཏོང་དགོས། མུ་མཐུད་དུ་ལས་རིགས་ཁྱུ་ཚོགས་ཆེན་པོ་བཟོ་སྟངས་གཏིང་ཟབ་ཏུ་གཏོང་དགོས། ནུས་ཤུགས་གཏེར་ཁ་དང་མཐོ་སྒང་ཡུལ་སྐོར། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སོགས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱད་སྟོབས་ལ་གཞི་བཅོལ་ནས། ཐོན་ལས་ནང་འདྲེན་གསོ་སྐྱོང་དང་། ཐོན་ལས་སྐྱེ་ཁམས་འཐུས་ཚང་དུ་བཏང་ནས། ཆུ་འོད་རླུང་གསུམ་གཅིག་སྡུད་ཅན་གྱི་ཐོག་ནས་སྔོག་འདོན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རྩིས་རྒྱག་འཕྲུལ་འཁོར་དང་གློག་ཤུགས་མཉམ་འབྲེལ་འཕེལ་རྒྱས་འགྲོ་བའི་ལམ་བུ་ཤར་བགྲོད་ཐུབ་པ་བྱེད་དགོས་ལ། དམའ་དབྱིངས་དཔལ་འབྱོར་དང་མི་མེད་འཕུར་སྐྱོད། རིག་ནུས་ཟོག་འགྲེམས་སོགས་སྣ་མང་བཀོལ་སྤྱོད་བྱེད་ས་ཧུར་ཐག་སྒོས་རྒྱ་སྐྱེད་བཏང་ནས་ཡུལ་སྐོར་དང་ཞིང་གྲོང་ཡུལ་སྐོར། ཚོང་ལས་ཡུལ་སྐོར། འགྲིམ་འགྲུལ་ཡུལ་སྐོར་སོགས་ཕན་ཚུན་འདྲེས་སྦྱོར་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཁྱད་ལྡན་ཞིང་ཕྱུགས་ལས་རིགས་སྤུས་ཀ་ཇེ་ལེགས་དང་གཞི་ཁྱོན་ཇེ་ཆེར་གཏོང་བ། ཚོང་རྟགས་གྲགས་ཅན་སྟོབས་ལྡན་ཅན་བཟོ་བ་བཅས་རྒྱུན་འཁྱོངས་བྱེད་དགོས། ཞིང་པ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་ཕན་པ་ཐོབ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་འཕར་བ་བྱེད་དགོས། ཐོན་ལས་སྦྲེལ་ཐག་གཙོ་བོ་འཛིན་སའི་ས་གནས་དབར་འབྲེལ་མཐུད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ཁོངས་བརྒལ་བའི་ཁེ་ཕན་མཉམ་སྤྱོད་ལམ་ལུགས་ཆ་ཚང་དུ་གཏོང་བ། བཟོ་ལས་གླིང་ཁ་གཏད་རོགས་རེས་བྱེད་སྟངས་འཚོལ་ཞིབ་བྱེད་པ་སོགས་བརྒྱུད་ནས་ཐོན་ལས་མཉམ་སྐྲུན་དང་ཁེ་ཕན། རྒྱལ་ཁ་ཐོབ་པ་བཅས་མངོན་འགྱུར་ཡོང་བར་བྱེད་དགོས། མུ་མཐུད་དུ་དམངས་འཚོར་ཕན་བདེ་སྐྲུན་པ་ཟབ་སྤེལ་བྱེད་དགོས་ཤིང་། མི་འབོར་འགྱུར་ལྡོག་དང་དགོས་མཁོ་ཁྲིད་སྟོན་དུ་བཟུང་ནས་རོགས་སྐྱོར་སྟོབས་ཤུགས་སྣ་ཚོགས་ཕྱོགས་བསྡུས་བྱས་ཏེ། སློབ་གསོ་དང་སྨན་བཅོས་རྒན་གསོ་བྱིས་པ་གཉོར་སྐྱོང་སོགས་ཀྱི་ཐོན་ཁུངས་བགོ་བཤའ་རྒྱག་པ་ལེགས་སྒྱུར་བྱེད་པ་དང་། དམིགས་བསལ་རང་བཞིན་གྱིས་སྒྲིག་ཆས་ཡོ་བྱད་དང་ཤེས་ལྡན་མི་སྣ་དཔུང་ཁག་སོགས་ཀྱི་སྐྱོན་ཆ་ཁ་གསབ་བྱས་ཏེ། སྤྱི་ཕན་ཞབས་ཞུ་སྤུས་ལེགས་རྒྱ་བསྐྱེད་ཅིང་གཞི་རིམ་དུ་ཁྱབ་པ་དང་ཆ་སྙོམས་ཁེབས་ཚད་མཐོར་འདེགས་གཏོང་དགོས། མི་རིགས་ས་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་རྒྱབ་སྐྱོར་ལས་ཀ་ལ་ཤུགས་སྣོན་བརྒྱབ་སྟེ། ས་ཁོངས་སྨན་ཁང་ལྟེ་གནས་དང་སྨན་པ་མཐུན་ཚོགས་བཙུགས་ནས། ས་གནས་ཀྱི་ནད་རིགས་དང་འགོས་ནད། གཅོང་ནད་སྔོན་འགོག་ཚོད་འཛིན་བྱེད་ནུས་མཐོར་འདེགས་གཏོང་བ་དང་། བོད་ལུགས་གསོ་རིག་རྒྱུན་འཛིན་དར་སྤེལ་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུའི་རེ་བ་སྐོང་ཐུབ་པར་བྱེད་དགོས། མི་རིགས་ས་ཁུལ་གྱི་སློབ་གསོའི་འཕེལ་རྒྱས་ལོ་བཅུའི་བྱ་སྤྱོད་འཆར་གཞི་ལག་བསྟར་ཟབ་མོ་བྱེད་པ་དང་། ཐེན་ཧྥུ་སྤྲིན་སློབ་ཉེར་སྤྱོད་ཁྱབ་གདལ་གཏོང་བ། ཕུལ་བྱུང་དགེ་རྒན་གྱི་སློབ་ཚན་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་ནུས་པ་སྤྲོད་པ། བསམ་བློ་ཆབ་སྲིད་སློབ་ཁྲིད་དང་དྲིན་གཟོ་ཡར་བརྩོན་སློབ་གསོ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕྲུ་གུ་རེ་རེ་བཞིན་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བ་དང་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་སྟེ། མི་ཚེ་ལ་དོན་སྙིང་ལྡན་པའི་གོ་སྐབས་འཐོབ་པར་བྱེད་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་འཁྱགས་རོམ་བཅས་གཅིག་ཏུ་འདུས་པའི་མ་ལག་ཧྲིལ་པོ་སྲུང་སྐྱོབ་དང་བདག་སྐྱོང་བྱ་བ་གཅིག་གྱུར་འཆར་འགོད་ཡོད་པའི་སྒོ་ནས་སྤེལ་བ་དང་། སྔོ་བའི་ནམ་མཁའ་དང་དྭངས་བའི་ཆུ་བོ། གཙང་བའི་ས་གཞི་བཅས་སྲུང་སྐྱོབ་དམག་འཐབ་མཐར་ཕྱིན་པ་བརྒྱག་དགོས། ལྗང་མདོག་སྐྱེ་ཁམས་རྨང་གཞི་རྒྱུན་མ་ཆད་པར་ཇེ་བརྟན་དུ་གཏོང་དགོས། མུ་མཐུད་དུ་བདེ་འཇགས་བརྟན་བརླིང་གི་ཚད་གཞི་མཐོན་པོ་བསྲུང་བ་དང་། ས་གཤིས་གནོད་འཚེ་དང་ས་ཡོམ་གངས་རྡིབ་མཚོ་འཁྱིལ་གས་གཏོར་ནགས་ཚལ་མེ་སྐྱོན་སོགས་འགོག་ཟོན་ལྷོད་གཡེང་སྤུ་ཙམ་མི་བྱེད་པར་དམ་འཛིན་ནན་མོ་བྱེད་པ་དང་། མྱུར་ཏུ་ཉེན་ཁའི་བེད་འཇགས་ཀྱི་ཚོར་སྣང་དྲ་རྒྱ་གཅིག་ཅེས་པ་འཛུགས་སྐྲུན་བྱེད་པ། ལྟ་ཞིབ་སྔོན་བརྡའི་ཆ་འཕྲིན་མཉམ་སྤྱོད་དང་གཅིག་གྱུར་བཀོད་འདོམས་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་སྐྱེད་བདེ་འཇགས་དང་མང་ཚོགས་ཡིག་སྐུར་ངོ་བཅར་སྐོར་གཡེང་འགོག་སྲུང་སོགས་ཀྱི་ལས་དོན་ཞིབ་ཚགས་གནད་ཁེལ་སྒྲུབ་པ། དགོན་པ་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཡོངས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས།
ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་དཀར་མཛེས་ཁུལ་གྱི་འགན་འཁུར་བློ་མཐུན་སོགས་ཞུགས་ཡོད།
