སྒོར་དུང་ཕྱུར་ཁྲི་5ལྷག་བཏང་ནས་གློག་དྲ་གསར་པ་འཛུགས་སྐྲུན་བྱ་རྒྱུ།
ཆུ་དྲ་དང་། གློག་དྲ་གསར་པ། རྩིས་ཤུགས་དྲ་བ། རབས་གསར་པའི་འཕྲིན་གཏོང་དྲ་བ། གྲོང་ཁྱེར་གྱི་ས་འོག་སྦུག་དྲ། ཟོག་འགྲེམས་དྲ་བ་བཅས་དྲ་བ་དྲུག་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་རང་རྒྱལ་གྱི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་བྱེད་པའི་ནང་དོན་གཙོ་བོ་ཡིན།
ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ། རང་རྒྱལ་གྱིས་མ་དངུལ་སྒོར་དུང་ཕྱུར་ཁྲི་5ལྷག་ཙམ་བཏང་ནས་གློག་དྲ་གསར་པ་འཛུགས་སྐྲུན་བྱ་རྒྱུ་ཡིན་པས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་གཞི་ཁྱོན་ལས་ཆེས་ཆེར་བརྒལ་ཡོད། 2030ལོར་སླེབས་སྐབས། རང་རྒྱལ་གྱིས་གློག་དྲ་གསར་པ་ཐོག་མའི་ཆ་ནས་བསྐྲུན་ཚར་བ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གློག་སྤྱོད་དགོས་མཁོར་འགན་ལེན་ནུས་ལྡན་བྱས་ཏེ། སྟོང་ཝ་དུང་ཕྱུར་28ཡན་གྱི་ནུས་རྒྱུ་གསར་པ་བསྡུ་ལེན་བྱེད་པའི་དགོས་མཁོར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་པ་རེད། མ་དངུལ་འདིས་དྲ་བ་གང་འདྲ་ཞིག་བསྐྲུན་རྒྱུ་ཡིན་ནམ། ད་དུང་འགག་སྒྲོལ་གང་དག་བྱེད་དགོས་སམ།
ཅིའི་ཕྱིར་གློག་དྲ་གསར་པ་འཛུགས་སྐྲུན་བྱེད་དགོས།
སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ད་དུང་མགྱོགས་མྱུར་འཕར་བཞིན་ཡོད་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་དང་འབྱུང་འགྱུར་གྱི་དུས་སྐབས་དེ་བས་རིང་བའི་ནང་རང་རྒྱལ་གྱི་གློག་ཤུགས་དགོས་མཁོ་སྔར་བཞིན་ལོ་རེར་ཆ་སྙོམས་5%ཡས་མས་ཀྱི་འཕར་ཚད་རྒྱུན་འཁྱོངས་བྱ་རྒྱུ་རེད།
གློག་ཤུགས་མ་ལག་གི་སྤྱི་འབོར་མགྱོགས་མྱུར་འཕར་བ་མ་ཟད། གྲུབ་ཆའང་རྒྱུན་མཐུད་ངང་ལེགས་སྒྲིག་བྱེད་བཞིན་ཡོད། ནུས་རྒྱུ་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་གྱི་གཞི་ཁྱོན་ལོ་རེ་བཞིན་རྒྱ་ཆེར་ཕྱིན་ནས་གློག་དྲའི་བསྡུ་ལེན་དང་། བཀོད་སྒྲིག སྙོམས་སྒྲིག་བཅས་ཀྱི་ནུས་པ་ངེས་པར་དུ་དུས་གཅིག་ཏུ་མཐོ་རུ་བཏང་སྟེ། ལྗང་གློག་འཕྲོ་བརླག་མི་འགྲོ་བ་བྱེད་དགོས། དེ་དང་ཆབས་ཅིག་ཉིང་ལྷེབ་བཟོ་སྐྲུན་དང་ཞིབ་ཚགས་ལས་སྣོན་སོགས་མཐོ་མཁས་རྩེ་དཀོན་གྱི་ཐོན་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པས་སྔར་ཡོད་གློག་དྲས་དུས་བབ་གསར་པའི་འོག་གི་གློག་སྤྱོད་དགོས་མཁོ་སྐོང་དཀའ་བར་བརྟེན་ཕྱོགས་ཡོངས་ནས་རིམ་སྤོར་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།

གློག་དྲ་གསར་པར་དགེ་མཚན་གང་དག་ཡོད་དམ།
མདོར་བསྡུས་ནས་བརྗོད་ན། གློག་དྲའི་སྒྲོམ་གཞི་དང་། ལག་རྩལ། ཞབས་ཞུ་བཅས་ཚང་མ་རིམ་འཇུག་རིམ་སྤོར་བྱེད་བཞིན་ཡོད།
དང་པོ། སྒྲོམ་གཞིའི་ཐད་གློག་དྲ་གཙོ་བོ་དང་གློག་སྡེབ་དྲ་བ་རྨང་གཞི་གལ་ཆེན་དུ་བྱེད་པ་དང་རིག་ནུས་གློག་དྲ་ཆུང་གྲས་ཀྱིས་ཕན་ཡོད་ཁ་གསབ་བྱེད་པའི་གློག་དྲའི་སྒྲོམ་གཞི་གསར་པ་ཞིག་ཆགས་པ་བྱེད་དགོས།
གཉིས་པ། མིས་བཟོས་རིག་ནུས་དང་། མཉེན་གཤིས་དྲ་སྒྲིག དུས་ཡུན་རིང་པོའི་ནུས་གསོག་སོགས་ལག་རྩལ་གསར་པ་ཡང་སྤྱད་དེ་གློག་དྲ་དེ་བས་སྟབས་བསྟུན་དང་སྤྱང་གྲུང་ལྡན་པ་བྱེད་དགོས།
གསུམ་པ། ཞབས་ཞུའི་ཐད་ད་དུང་རྩིས་གློག་མཐུན་སྦྱོར་དང་ལྗང་གློག་ཐད་སྦྲེལ་གྱི་ལས་རིགས་རྣམ་པ་གསར་པ་དེ་དག་དང་འཚམ་སྒྲིག་བྱེད་དགོས།
གསར་པ་གསུམ་པོ་འདི་དོན་འཁྱོལ་བྱེད་པ་ནི་ད་ཐེངས་ཀྱི་འགག་སྒྲོལ་ཁྲོད་ཐག་གཅོད་བྱེད་དགོས་པའི་གནད་དོན་ཡིན།

ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་གློག་དྲ་གསར་པ་ཇི་ལྟར་འཛུགས་དགོས།
དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་ཁག་ཇི་ལྟར་བྱས་ནས་གོམ་པ་རེ་རེ་བཞིན་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་སམ། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་རྒྱལ་ཁབ་ནུས་ཁོངས་ཅུས་གློག་ཤུགས་སིའི་སི་ཀྲང་གཞོན་པ་ཐན་ཧུང་ཅང་ལ་ཆེད་དོན་བཅར་འདྲི་བྱེད་སྐབས་ཁོང་གིས་ཕྱོགས་དྲུག་གླེང་བ་སྟེ།
དང་པོ། གློག་དྲའི་སྒྲོམ་གཞི་གསར་པ་ལེགས་སུ་གཏོང་བ་དང་འཐུས་ཚང་དུ་གཏོང་བའི་ཐད། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་། ཐེངས་15དང་དེ་ཡན་གྱི་གློག་འདྲེན་བགྲོད་ལམ་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་བརྩོན་ལེན་བྱས་ཏེ། 2030ལོར་སླེབས་སྐབས་ནུབ་གློག་ཤར་སྐྱེལ་གྱི་གཞི་ཁྱོན་སྟོང་ཝ་དུང་ཕྱུར་4.2ལས་བརྒལ་བ་བྱ་རྒྱུ། རྒྱལ་ཡོངས་ཀྱི་ས་ཁོངས་ཁག་གི་གློག་དྲ་ཕན་ཚུན་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་ཞིང་ཆེན་བར་གྱི་གློག་ཤུགས་ཕན་ཚུན་རོགས་སྐྱོར་བྱེད་ནུས་སྟོང་ཝ་ཁྲི་4000གསར་དུ་འཕར་བ་བྱ་རྒྱུ། གློག་སྡེབ་དྲ་བའི་བློས་འགེལ་ཆོག་པའི་ཐེག་ནུས་ཆེ་རུ་བཏང་ནས་2030ལོར་སླེབས་སྐབས་གློག་སྡེབ་དྲ་བའི་ཕྱོགས་བསྡུས་ཐེག་ནུས་ལྡབ་འཕར་ཡོང་བ་བྱས་ཏེ་ཁྱབ་ཚུལ་རྣམ་པའི་ནུས་རྒྱུ་གསར་པ་སྟོང་ཝ་དུང་ཕྱུར་9ཡི་སྦྲེལ་མཐུད་བྱེད་ནུས་ལྡན་པར་བྱ་རྒྱུ་ཡིན་པ་དང་།
གཉིས་པ། རིག་ནུས་གློག་དྲ་ཆུང་གྲས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད། རྣམ་པ་དབྱེ་ནས་གློག་དྲའི་མཇུག་སྣེ་དང་། མཐའ་མཚམས། གླིང་ཕྲན་ས་ཁུལ་བཅས་ཀྱི་མཁོ་འདོན་འགན་ལེན་རྣམ་པའི་གློག་དྲ་ཆུང་གྲས་དང་དེ་བཞིན་བཟོ་ལས་ཀྱི་ལྗང་གློག་དྲ་བ་ཆུང་གྲས་དང་གྲོང་ཚོ་དང་གྲོང་རྡལ་རིམ་པའི་རིག་ནུས་གློག་དྲ་ཆུང་གྲས་བསྐྲུན་ཏེ་གློག་དྲ་ཆུང་གྲས་ཀྱི་རང་སྙོམས་རང་སྒྲིག་དང་བདེ་འཇགས་ཀྱི་ནུས་པ་མཐོ་རུ་གཏོང་རྒྱུ་ཡིན་པ།
གསུམ་པ། མ་ལག་སྙོམས་སྒྲིག་གི་ནུས་པའི་ཐད། 2030ལོར་སླེབས་སྐབས་རྟོག་བཟོའི་གློག་ཁང་གི་སྙོམས་སྒྲིག་ནུས་པ་ཆེ་ཤོས་སྟོང་ཝ་ཁྲི་5000ལས་བརྒལ་བ་བྱ་རྒྱུ་དང་། ཆུ་འཐེན་ནུས་གསོག་གི་གཞི་ཁྱོན་སྟོང་ཝ་དུང་ཕྱུར་1.6ཡས་མས་སུ་སླེབས་པ་བྱ་རྒྱུ། ནུས་གསོག་གཞི་ཁྱོན་གསར་པ་སྟོང་ཝ་དུང་ཕྱུར་3ཟིན་པ་བྱ་རྒྱུ་ཡིན་པ།
བཞི་པ། གློག་གསོག་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་བའི་ཐད། 2030ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་གློག་གསོག་སྒྲིག་བཀོད་གཞི་ཁྱོན་བསྡོམས་འབོར་ཁྲི་4000ལས་བརྒལ་བ་བྱ་རྒྱུ་ཡིན་པ།
ལྔ་པ། གློག་དྲའི་ཞབས་ཞུ་གསར་པ་ལེགས་སུ་གཏོང་བའི་ཐད། ཉིང་ལྷེབ་བཟོ་སྐྲུན་དང་། སྐྱེ་དངོས་སྨན་བཅོས། ཞིབ་ཚགས་ལས་སྣོན་སོགས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་འབྲེལ་ཡོད་སྤྱོད་མཁན་གཅིག་སྡུད་ས་ཁོངས་ཀྱི་གློག་དྲ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ཁེ་ལས་ལ་གློག་མཁོ་འདོན་བྱེད་པའི་སྤུས་ཚད་འགན་ལེན་བྱ་རྒྱུ་ཡིན་པ།
དྲུག་པ། དམངས་འཚོའི་གློག་སྤྱོད་ཞབས་ཞུའི་འགན་ལེན་མཐོ་རུ་གཏོང་བའི་ཐད། གློག་འདོན་ཞབས་ཞུ་ཀུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མཐོ་རིམ་གློག་ཁུངས་རྐྱང་པའི་སྡོད་ཁང་གཞིས་ཁུལ་དང་། གཞིས་ཁུལ་རྙིང་པ། གྲོང་ཁྱེར་ནང་གི་གྲོང་ཚོ་བཅས་ཀྱི་གློག་སྡེབ་སྒྲིག་བཀོད་གསར་བརྗེས་བསྒྱུར་བཀོད་བྱས་ནས་གྲོང་གསེབ་ཀྱི་གློག་དྲ་བརྟན་པོ་དང་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ་བཅས་ཡིན་པ་རེད།
