རྒྱལ་སྟོན་རིང་། དཀར་མཛེས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི་405ལས་བརྒལ་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། བདེ་གཡང་།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡༠ ཚེས་ ༩

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་བཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིག་གནས་ཡུལ་སྐོར་མཉམ་འདྲེས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཀ་རྟེན་ཐོན་ལས་དང་དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་སྐྱེད་སྲིང་བྱ་རྒྱུ་མཐའ་འཁྱོངས་བྱས་པས། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱ་རྒྱུ་དེ་ས་གནས་དེ་གའི་དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་དང་མང་ཚོགས་འབབ་འཕར་ཡོང་བར་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ལོའི་རྒྱལ་སྟོན་རིང་། དཀར་མཛེས་ཁུལ་གྱིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་མི་ཐེངས་ཁྲི་405.47ལས་བརྒལ་བ་དང་། དེ་2016ལོའི་དུས་མཚུངས་ལས་236.69%འཕར་ནས་ལོ་བཅུའི་ཟིན་ཐོ་གསར་པ་བཏོད་ཡོད།

ད་ལོའི་ལོ་འགོར། དཀར་མཛེས་ཁུལ་གྱིས་མཛེས་ལྗོངས་ཁུལ་གྱི་ཚེ་གང་སྤ་སེ་ཞེས་པ་བཏོན་ནས། ཚེ་གང་རིང་དུང་དཀར་ལུང་ཤུར་དང་འདབ་པ་ཉི་སྟེང་སོགས་4Aརིམ་པ་དང་དེའི་ཡན་གྱི་མཛེས་ལྗོངས་ཁུལ་14ལ་ལྟ་སྐོར་དུ་བསྐྱོད་ཆོག་པའི་འཛིན་ཤོག་ཆུང་ཆུང་ཞིག་བཟོས་ཡོད། འགྲན་བསྡུར་དང་དུས་སྟོན་གྱི་IPཡང་དེ་དང་འདྲ་བར་བྱེད་ནུས་ཆེན་པོ་ཐོན་ཡོད། དཔེར་ན་ཟླ་6པར་སྤེལ་བའི་2026ལོའི་གངས་དཀར་རི་བོ་བསྐོར་བའི་རྒྱལ་སྤྱིའི་བྱེས་བགྲོད་འགྲན་བསྡུར་གྱིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་34ཡི་བདམས་ཐོན་པ་1600ལྷག་ཙམ་འགྲན་བསྡུར་ནང་ཞུགས་རྒྱུར་ཡིད་དབང་བཀུག་ཡོད་པ་དང་། དུས་མཚུངས་སུ་གཉེར་བའི་སྐབས་གཉིས་པའི་G318འཚོ་བའི་དུས་ཚིགས་ཞེས་པས་ཉིན་གཉིས་ནང་མི་ཐེངས་ཁྲི་16.11གི་ཡིད་དབང་བཀུག་ཡོད་ཅིང་། དྲ་བ་ཡོངས་སུ་ཕྱོགས་བསྡུས་ལྟ་ཚད་ཐེངས་དུང་ཕྱུར་3ལས་བརྒལ་བ་དང་། ཟླ་7པར་སྤེལ་བའི་ལི་ཐང་རྟ་རྒྱུག་དུས་ཆེན་ཁྲོད་ཉིན་4ཡི་ནང་ཡུལ་སྐོར་བ་མི་ཐེངས་ཁྲི་42.6ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་འགྲོ་སོང་སྒོར་དུང་ཕྱུར་4.83བརྒལ་ཡོད་པ་རེད།

2026ལོའི་རྒྱལ་སྟོན་གུང་གསེང་རིང་། དཀར་མཛེས་ཁུལ་གྱིས་བསྡོམས་རྩིས་ནང་བཅུག་པའི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་102ཀྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་101.94ལ་སྣེ་ལེན་ཞུས་པ་དང་། སྤ་སེའི་ཡོང་འབབ་སྒོར་ཁྲི་675.36ལས་བརྒལ་ཡོད། སྣེ་ལེན་ཞུས་པའི་མིའི་ཐེངས་གྲངས་ཀྱི་བསྡོམས་འབོར་དེ་2016ལོའི་མི་ཐེངས་ཁྲི་120ལས་ལྡབ་གཉིས་འཕར་ཡོད་པ་རེད།

དཀར་མཛེས་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་ལ་ཕེབས་མཁན་མང་པོར་འགན་ལེན་ཐུབ་པའི་ཞབས་ཞུ་ཇི་ལྟར་བསྒྲུབ་ཡོད་དམ་ཞེ་ན། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གིས། ང་ཚོས་ཡུལ་སྐོར་བ་གོང་དུ་བཀུར་བ་དང་བདེ་འཇགས་ཨང་དང་པོར་འཇོག་པ། མི་གཅིག་ཡིན་ནའང་ཞབས་ཞུ་སྒྲུབ་དགོས་ཞེས་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཞབས་ཞུ་འགན་ལེན་བྱ་རྒྱུ་དེ་བཅོས་སྐྱོང་ནུས་པར་ཞིབ་བཤེར་བྱེད་པའི་རྒྱུགས་ར་གལ་ཆེན་ཞིག་ལ་བརྩིས་ཐོག ཞབས་ཞུ་འགན་ལེན་ཡོད་པ་དང་དུས་ཐོག་ལ་ཡུལ་དངོས་སུ་སྒྲུབ་ཐུབ་པ་བྱེད་བཞིན་ཡོད་ཅེས་བསྟན་འདུག

གུང་གསེང་རིང་། ས་གནས་དེ་གས་དཔལ་ཡོན་ཡུལ་སྐོར་དང་བླངས་ཞབས་ཞུའི་ས་ཚིགས་349བཙུགས་ཤིང་། དང་བླངས་པ་2435སྒྲིག་འཛུགས་བྱས་ཏེ་གསོ་རླུང་དང་སྨན་བཅོས། འཐུང་ཆུ། བློ་འདྲིའི་ཁྲིད་སྟོན་བཅས་མཁོ་འདོན་བྱས་ཁར། ལས་ཁུངས་ཚན་པ་དང་སློབ་གྲྭ་སོགས་སྡེ་ཚན་225དང་མཐུན་སྦྱོར་གྱིས་རླངས་འཁོར་འཇོག་ས་ཁྲི་གཉིས་ལས་བརྒལ་བ་རིན་མེད་ངང་སྒོ་ཕྱེ་བ། འདབ་པ་རྫོང་གིས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར། བདལ་གཏོང་རླངས་འཁོར་བཅས་སྒྲིག་འཛུགས་བྱས་ནས་རིན་མེད་ངང་མི་སྣ་སྐྱེལ་འདྲེན་སོགས་བྱས་ཡོད་པ་དང་། ཆབས་ཅིག་ཏུ་ས་གནས་དེ་གས་གཞུང་ཕྱོགས་ཀྱི་དྲ་བ་དང་སྐད་འཕྲིན་སྤྱི་སྟེགས། མཛེས་ལྗོངས་ཁུལ་གྱི་སྤྱི་བསྒྲགས་བྱང་བུ་སོགས་བརྒྱུད་དེ་ཡུལ་སྐོར་ཞུ་གཏུག་དང་བློ་འདྲིའི་ཁ་པར། དེ་བཞིན་ཞབས་ཞུའི་ཐད་སྦྲེལ་ཁ་པར་སྣ་ཚོགས་ཡོངས་བསྒྲགས་བྱས་ཏེ། ཞུ་གཏུག་བདག་སྤྲོད་ཀྱི་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་པ་དང་ཡུལ་སྐོར་བའི་རེ་ཞུར་དུས་ཐོག་ཏུ་ལན་ཆ་བྱེད་པ་དང་ཐག་གཅོད་ནུས་ལྡན་ཐུབ་པར་འགན་ལེན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྟོན་འདིར་དཀར་མཛེས་ཁུལ་གྱིས་ད་དུང་མཉམ་འགུལ་ངང་དྭངས་གཙང་དཀར་མཛེས། སྟོན་མཇུག་གི་བརྩེ་ཞེན་ཞེས་པའི་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། རྫོང་རེ་ལ་ཁྱད་ཆོས་རེ་དང་། ས་ཁོངས་ཡོངས་ལ་བཀྲག་མདངས་འཚེར་ས་ཡོད་ཅེས་པ་མཐའ་འཁྱོངས་ཀྱིས་ཡུལ་སྐོར་བ་གང་དུ་བསྐྱོད་ཀྱང་དེ་གར་བསྐྱོད་རིན་ཡོད་པར་འགན་ལེན་བྱས་ཡོད།