རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་གཉན་པོ་གཡུ་རྩེའི་ལྗོངས་ཁུལ་གྱིས་ད་ལོར་སྣེ་ལེན་བྱས་པའི་ཡུལ་སྐོར་བའི་ཁ་གྲངས་ཁྲི་40ཐོད་བརྒལ་བྱུང་།

རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། རྔ་བ་རྫོང་གཉན་པོ་གཡུ་རྩེའི་ལྗོངས་ཁུལ་གྱི་ཡིད་དུ་འོང་བའི་སྟོན་ལྗོངས་དང་དྭངས་གསལ་གྱི་མཚེའུ། སྔོ་ལྗང་གི་ནམ་མཁའ་སོགས་མཛེས་ལྗོངས་འདི་དག་གིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་སེམས་དབང་མེད་དུ་བཀུགས། དུས་ཆེན་གྱི་སྐབས་སུ་གཉན་པོ་གཡུ་རྩེའི་ལྗོངས་ཁུལ་གྱིས་ད་ལོར་སྣེ་ལེན་བྱས་པའི་ཡུལ་སྐོར་བའི་ཁ་གྲངས་ཁྲི་40ཟིན་ཞིང་། རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་ཇེ་ལེགས་སུ་འགྲོ་བཞིན་ཡོད།

ལྗོངས་ཁུལ་གྱིས་དུས་ཆེན་འདིའི་སྐབས་ཀྱི་ཡུལ་སྐོར་བ་དག་ལས་མཚོན་བྱེད་རང་བཞིན་གྱི་དོན་སྙིང་ལྡན་པའི་ཡུལ་སྐོར་བ་ཁྲི་40བ་ལྗོངས་ཁུལ་དུ་ཕེབས་པར་དགའ་བསུ་ཞུས་ཤིང་དྲན་རྟེན་ལེགས་སྐྱེས་ཕུལ། ཧྲན་ཞི་ཞི་ཨན་ནས་ཡོང་བའི་ཡུལ་སྐོར་བ་ཀྲང་ཧྭས་དགའ་སྤྲོའི་ངང་ལྗོངས་ཁུལ་གྱིས་བྱིན་པའི་དྲན་རྟེན་དངོས་པོ་བཟུང་ནས་བཤད་རྒྱུར། སྟེས་དབང་ཞིག་གིས་གཉན་པོ་གཡུ་རྩེ་ལྗོངས་ཁུལ་གྱི་ཡུལ་སྐོར་བ་ཁྲི་40བར་གྱུར་སོང་། ང་རྔ་བར་ཡོང་ནས་རང་བྱུང་མཛེས་ལྗོངས་དང་མི་དམངས་ཀྱི་བརྩེ་སེམས་ལ་མྱོང་རོལ་ཐུབ་པས་དགའ་སྤྲོ་ཚད་མེད་སྐྱེས་ཡོད། རྗེས་ཕྱོགས་ད་དུང་རྔ་བར་ཡོང་ངེས། རྣམ་པ་ཚོ་ཡང་ཁོམ་པ་ཡོད་ན་ཧྲན་ཞི་ཞི་ཨན་དུ་ཡོང་བར་དགའ་བསུ་ཞུ།

རྒྱལ་སྟོན་གྱི་འདུ་འཛིའི་རྣམ་པ་རབ་ཏུ་མངོན་ཆེད། ལྗོངས་ཁུལ་གྱིས་དམངས་ཁྲོད་རིག་རྩལ་འཁྲབ་སྟོན་གྲ་སྒྲིག་བྱས་ཡོད། རང་བྱུང་མཛེས་ལྗོངས་དང་ཐུན་མིན་རིག་གནས་མཉམ་འབྲེལ་གྱི་རྣམ་པས་ཡུལ་སྐོར་བའི་ལྗོངས་རྒྱུའི་མྱོང་ཚོར་མཐོར་འདེགས་གཏོང་བར་མ་ཟད། གཉན་པོ་གཡུ་རྩེའི་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འགུགས་ཤུགས་ཡང་ཇེ་ཆེར་བཏང་། མིག་མཐོང་ལག་ཟིན་གྱི་ཡུལ་སྐོར་བའི་ཁ་གྲངས་འདི་ནི་ལྗོངས་ཁུལ་གྱིས་ཁོར་ཡུག་ལེགས་སྒྱུར་དང་ཞབས་ཞུ་ཞིབ་ཚགས་ཅན་ཏུ་བཏང་བའི་གྲུབ་འབྲས་ཡིན།
ལྗོངས་ཁུལ་གྱི་ལས་བྱེད་མི་སྣས་བཤད་རྒྱུར། ད་ལོར་གཉན་པོ་གཡུ་རྩེའི་ལྗོངས་ཁུལ་གྱིས་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ལྗོངས་རྒྱུའི་མྱོང་ཚོར་ལེགས་སྒྱུར། རྨང་གཞིའི་སྒྲིག་ཆས་འཐུས་ཚང་། རིག་རྩལ་བྱ་འགུལ་སྣ་མང་དུ་བཏང་བ་སོགས་ལ་བརྟེན་ནས་ཡུལ་སྐོར་བའི་ཁ་གྲངས་ཁྲི་40ཟིན་ཡོད། འདི་ནི་ཡུལ་སྐོར་བས་ང་ཚོའི་ལྗོངས་ཁུལ་ལ་གནང་བའི་ཆེས་མཐོ་བའི་ཁག་ཐེག་ཡིན། རྗེས་ཕྱོགས་ང་ཚོས་མུ་མཐུད་དུ་ཞབས་ཞུའི་སྤུས་ཚད་མཐོར་འདེགས་དང་རིག་རྩལ་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་སྔར་བས་མང་བའི་ཡུལ་སྐོར་བ་འགུགས་རྒྱུ་ཡིན།

ད་ལོའི་ཡུལ་སྐོར་བ་མི་ཁྲི་40ཟིན་པ་དེས་གཉན་པོ་གཡུ་རྩེའི་ཡུལ་སྐོར་ཐོན་ཁུངས་སྤུས་ལེགས་ཡིན་པ་དང་ཁྲོམ་རའི་འགུགས་ཤུགས་སྟོབས་ཆེན་ཡིན་པ་མཚོན་ཡོད་པར་མ་ཟད། རྔ་བ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་བའི་རྣམ་པ་ཡང་མངོན་ཡོད། རྗེས་ཕྱོགས་སུ། རྔ་བ་རྫོང་གིས་རྔམ་མཐུག་པའི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས། དུས་ཆེན་དང་ངལ་གསོའི་སྐབས་སུ་ཁྱད་ལྡན་གྱི་རིག་དངོས་བྱ་འགུལ་སྤེལ་ཏེ། ཡུལ་སྐོར་གྱི་ལས་རྣམ་སྣ་མང་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་ནས། རྫོང་ཁོངས་ཀྱི་རིག་གནས་ཡུལ་སྐོར་སྤུས་ལེགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།
