དར་མདོ་གདན་ཐོག་རི་བོའི་ལྗོངས་ཁུལ་དུ་ཡུལ་སྐོར་བའི་འདུ་ལོང་རྒོད།

རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ། དར་མདོ་གྲོང་ཁྱེར་གདན་ཐོག་རི་བོའི་ལྗོངས་ཁུལ་གྱིས་རིམ་སྤར་རྗེས་ཀྱི་གུང་གསེང་ཐོག་མ་བསུས་པ་རེད། ལྗོངས་ཁུལ་གྱིས་ཞབས་ཞུ་ཞིབ་ཚགས་དང་རིག་གནས་མྱོང་རོལ་ཕུན་སུམ་ཚོགས་པོར་བརྟེན་ནས་ས་གནས་ཁག་གི་ཡུལ་སྐོར་བ་རྣམས་ལ་བསུ་བ་བྱས་ཤིང་། མཛའ་གཞས་ཆོལ་ཁའི་རི་བོ་གྲགས་ཅན་འདི་ལ་གསོན་ཤུགས་གསར་པ་བསྣན་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོ་ཚོར་གླུ་གཞས་རིག་གནས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པའི་དཔལ་ལ་རོལ་དུ་བཅུག་པ་རེད།

སྤྱི་ཟླ་10པའི་ཚེས་4ཉིན། གདན་ཐོག་རི་བོའི་རོལ་དབྱངས་ཁང་ནས་སྙན་ཞིང་འཇེབས་པའི་གླུ་དབྱངས་ཀྱི་སྒྲ་དལ་གྱིས་གྲགས་བྱུང་། ལྗོངས་སྟེགས་སྟེང་དུ་ཡུལ་སྐོར་བ་མང་པོས་མཐའ་སྐྱོར་གྱི་རྒྱུག་ཁྲ་ལ་སྙེ་བཞིན་དར་མདོ་གྲོང་ཁྱེར་གྱི་མཛེས་སྡུག་ལ་ལྟ་བ་དང་། སོ་སོའི་ཁ་པར་གྱི་བརྙན་མིག་གང་བདེར་བསྐོར་ནས་དྲན་རྟེན་གྱི་འདྲ་པར་ལེན་བཞིན་འདུག །ཤེས་རྟོགས་བྱུང་བ་ལྟར་ན། གུང་གསེང་གི་སྐབས་སུ་གདན་ཐོག་རི་བོའི་ལྗོངས་ཁུལ་དུ་ཉིན་རེར་འགྲུལ་པ་2000ནས་3000ལ་སྣེ་ལེན་བྱེད་བཞིན་ཡོད་ལ། གུང་གསེང་སྐབས་འགྲུལ་པ་མང་པོ་ཡོང་བར་དམིགས་ནས་ལྗོངས་ཁུལ་གྱིས་དུས་ཆེན་མ་ཚེས་སྔོན་ལ་ཞབས་ཞུ་དང་བདེ་འཇགས་སྦྱོང་བརྡར་བྱས་ཤིང་། གུང་གསེང་རིང་ལས་སྒྲུབ་པ་ཚང་མས་ལས་གནས་བརྟན་པོར་སྲུང་བཞིན་ཡོད།

གདན་ཐོག་རི་བོའི་ལྗོངས་ཁུལ་དུ་རྒྱ་གྲམ་དམར་པོ་རྟགས་མའི་སྨན་བཅོས་མི་སྣའི་ལག་ཁྱེར་ཡོད་པའི་ལས་བྱེད་པ་བཞི་ས་ཚུགས་སོ་སོར་བཀོད་སྒྲིག་བྱས་ནས། ཡུལ་སྐོར་བར་གློ་བུར་དུ་བྱུང་བའི་ཉེན་ཁ་སྲུང་སྐྱོབ་བྱེད་བཞིན་འདུག །ལྗོངས་ཁུལ་དུ་ད་དུང་འཚུབ་བསྟུན་སྨན་སྒམ་སྒྲིག་སྦྱོར་དང་གསོ་རླུང་དམ་བི་སོགས་དངོས་རྫས་གྲ་སྒྲིག་བྱས་ཡོད་པར་མ་ཟད། ལས་དོན་པ་རྣམས་ཉིན་ལྟར་སྐོར་ཞིབ་བྱེད་བཞིན་ཡོད་པས། ཡུལ་སྐོར་བའི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་གང་ཐུབ་བྱེད་བཞིན་འདུག

རྒྱལ་སྟོན་དུས་ཆེན་རིང་ལ། གདན་ཐོག་རི་བོའི་ལྗོངས་ཁུལ་དུ་དགོང་མོའི་ཆུ་ཚོད་19:30སྟེང་རྟའི་རིག་གནས་ཀྱི་འཁྲབ་སྟོན་ཆེ་གྲས《དར་མདོ་མཛའ་གཞས་ཀྱི་ངོ་མཚར་བའི་གཏམ་རྒྱུད། གདན་ཐོག་རི་བོའི་སྟེང་》ཞེས་པ་དེ་དུས་ཐོག་ཏུ་འཁྲབ་སྟོན་བྱེད་བཞིན་འདུག །འཁྲབ་སྟོན་འདི་ནི་གདན་ཐོག་རི་བོ་རྒྱབ་ལྗོངས་སུ་བྱས་ཏེ། རྟ་རྩལ་དང་མཛའ་གཞས་རིག་གནས་གཉིས་གཞི་གཅིག་ཏུ་སྦྲེལ་ནས་རྟ་ཡི་རྨིག་སྒྲ་དང་གཞས་ཀྱི་དབྱངས་རྟ། གློག་འོད་བཅས་མཉམ་དུ་འདྲེས་པའི་ངོ་མཚར་བའི་འཁྲབ་སྟོན་ཞིག་ཡིན་པས་ཡུལ་སྐོར་པ་ཚང་མས་མགྲིན་གཅིག་ཏུ་བསྔགས་བརྗོད་ཚད་མེད་བྱེད།

གདན་ཐོ་རི་བོའི་ལྗོངས་ཁུལ་རིམ་སྤར་བསྒྱུར་བཅོས་བྱས་རྗེས། མྱོང་རོལ་གྱི་གནས་མང་པོ་ཡོད་པ་དང་ཞབས་ཞུའི་འགན་ལེན་ཞིབ་ཚགས་པ། རིག་གནས་ཀྱི་ཉམས་ལེན་ཕུན་སུམ་ཚོགས་པས་རི་བོ་སྔར་བཞིན་གནས་ཀྱང་། ཡུལ་སྐོར་བའི་འཁྲུག་ཆ་སྔར་ལས་དོད་པོ་བྱུང་འདུག
