ཞི་ཅིན་ཕིང་གིས་སི་ཁྲོན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན་ཁང་།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༣༠

ཞི་ཅིན་ཕིང་གིས་སི་ཁྲོན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་རིག་ཚན་རྩིས་ཚན་དང་བཟོ་གསོ་མཉམ་འདྲེས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། དུས་རབས་གསར་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཁྲོད་གདོང་ལེན་པ་དང་མིག་དཔེ་སྟོན་གང་ཐུབ་བྱེད་དགོས་ཞེས་ནན་གསུང་གནང་།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་སི་ཁྲོན་སློབ་ཆེན་བཙུགས་ནས་ལོ་༡༣༠འཁོར་བའི་སྐབས་སུ་དགེ་སློབ་ལས་བཟོ་ཡོངས་དང་རྒྱ་ཆེའི་མཐར་ཕྱིན་སློབ་གྲོགས་རྣམས་ལ་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས། རྒྱལ་ཁབ་དང་ཁྱིམ་ཚང་ཡིད་ལ་འཆིང་བ་དང་། ནུབ་རྒྱུད་དུ་རྩ་བ་ཚུགས་པ། སློབ་གསོ་དར་སྤེལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་ནི་སི་ཁྲོན་སློབ་ཆེན་གྱི་སྲོལ་རྒྱུན་བཟང་པོ་ཞིག་རེད། འགོ་འཛུགས་ས་གསར་པའི་ཐོག་ཁྱོད་ཚོས་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང་། རིག་ཚན་རྩིས་ཚན་དང་བཟོ་གསོ་མཉམ་འདྲེས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། དུས་རབས་གསར་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཁྲོད་གདོང་ལེན་པ་དང་མིག་དཔེ་ཧུར་ཐག་བྱས་ཏེ། སློབ་གསོ་སྟོབས་ལྡན་རྒྱལ་ཁབ་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ། ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས།

སི་ཁྲོན་སློབ་ཆེན་གྱི་སྔ་མིང་ནི་༡༨༩༦ལོར་བཙུགས་པའི་སི་ཁྲོན་ཀྲུང་ནུབ་སློབ་གྲྭ་ཡིན་ལ། དེ་ནི་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་དུ་བཙུགས་པའི་ཆེས་སྔ་བའི་མཐོ་རིམ་སློབ་གསོའི་ལས་ཁུངས་ཡིན། ཉེ་ཆར། སི་ཁྲོན་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་སློབ་གྲྭའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་སློབ་གཉེར་གྲུབ་འབྲས་སྙན་སེང་ཞུས་ཏེ། མེས་རྒྱལ་གྱི་ནུབ་རྒྱུད་དུ་གཞི་ཚུགས་པ་དང་དམ་བཅའ་བརྟན་པོས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཆོད་སེམས་མཚོན་པར་བྱས་པ་རེད།