དུས་ཆེན་མ་སླེབས་གོང་ལ་ཆེད་དོན་རིམ་བཤེར་བྱས་ནས་སྟོད་ཞོད་བདེ་འཇགས་ཀྱི་འཛིང་རགས་བརྟན་པོ་བསྐྲུན།

སྟོན་ཀའི་ཞོད་དུས་ཀྱི་ས་གཤིས་གནོད་འཚེ་འགོག་སྲུང་ལས་དོན་ཡག་པོ་བསྒྲུབས་ནས་ལྟ་སྐུལ་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། རྒྱལ་སྟོན་དུས་ཆེན་རིང་ལ་མངའ་ཁུལ་གྱི་མང་ཚོགས་དང་ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཉེ་ཆར། མཛོད་དགེ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་ཕྱོགས་གསུམ་པའི་ལག་རྩལ་ལས་ཁུངས་དང་མཉམ་འབྲེལ་སྒོས་རིམ་བཤེར་ཚན་ཆུང་བཙུགས་ནས། རྒྱལ་སྟོན་དུས་ཆེན་རོལ་ལ་ཉེ་བའི་དུས་སྐབས་འདིར་ས་གཤིས་གནོད་རྐྱེན་རིམ་བཤེར་བྱ་འགུལ་སྤེལ།

ཞིབ་བཤེར་བྱ་འགུལ་དེ་རུ་རི་ཁུལ་གྱི་གཞུང་ལམ་དང་འདུས་སྡོད་ཁུལ། ཡུལ་སྐོར་འགྲོ་ལམ་གྱི་འགྲམ་ངོགས་སོགས་ཉེན་ཁ་ཆེ་ཁུལ་དུ་ལས་དོན་མི་སྣས་ས་གཤིས་གནོད་འཚེའི་གནོད་རྐྱེན་ཐོ་ཡིག་ལྟར་ངོགས་གཟར་བརྟན་མོ་ཡིན་མིན་དང་ཆུ་འབུད་སྒྲིག་ཆས་བཀོལ་ཐུབ་མིན། ལྟ་ཞིབ་སྒྲིག་ཆས་ཉེར་སྤྱོད་ཀྱི་གནས་ཚུལ་བཅས་ལ་ཞིབ་བཤེར་ནན་མོ་བྱས། དེ་མིན་ལྟ་ཞིབ་ཚད་ལེན་གྱི་འགན་འཁྲིའི་མ་ལག་དང་ཉེན་བརྡ་གཏོང་འབྱོར་གྱི་བརྒྱུད་རིམ་རེ་རེ་བཞིན་བསྐྱར་ཞིབ་བྱས་ཏེ། རྐྱེན་ངན་གྱི་འགྱུར་ལྡོག་ཟིན་བྲིས་སུ་བཀོད། ཉེན་ཁའི་རིམ་པ་ཡུལ་དངོས་ནས་ཞིབ་གཅོད་བྱས། སྐོར་ཞིབ་ལྟ་སྐུལ་དང་ཉེན་རྟགས་བཀོད་སྒྲིག་སོགས་གནོད་འཚེ་འགོག་སྲུང་བྱེད་ཐབས་ལ་བསྐྱར་ཞིབ་བྱས། རིམ་བཤེར་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་མི་འདང་སར་ཡུལ་དངོས་ནས་དུས་བཅད་ལྟར་བཅོས་སྒྲིག་བྱས་ཏེ། དུས་ལྟར་ས་གཤིས་གནོད་འཚེའི་རྐྱེན་ངན་སེལ་དགོས་པའི་བླང་བྱ་བཏོན།
རྗེས་ཕྱོགས་སུ། རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་རང་བྱུང་ཐོན་ཁུངས་ཀྱི་གནོད་འགོག་གེགས་སེལ་ཀྱི་འགན་ནུས་ལ་གཞིགས་ནས་སྟོན་དུས་ཆར་ཞོད་ཆེ་བའི་གནས་བབ་ལ་དོ་སྣང་བྱས་ཏེ། ས་གཤིས་གནོད་འཚེའི་རྐྱེན་ངན་མང་ཁུལ་དུ་སྐོར་ཞིབ་བྱེད་ཐེངས་ཇེ་མང་དུ་གཏོང་ངེས་ལ། ཉེན་བརྡའི་ཆ་འཕྲིན་སྒྲོག་ལམ་ཡངས་མོར་བཏང་ནས་དུས་ཆེན་སྐབས་ལ་ཆུ་ཚོད་24ལ་ལས་རེས་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ས་གཤིས་གནོད་འཚེའི་ཉེན་ཁ་འབྱུང་བར་སྔོན་འགོག་བྱེད་ཐབས་དོན་གཉེར་གྱིས་རྒྱལ་སྟོན་དུས་ཆེན་རིང་ལ་མང་ཚོགས་དང་ཡུལ་སྐོར་བའི་འགྲོ་སྐྱོད་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་རེད།
