སྡེ་དགེ་རྫོང་གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་པ་སྡེ་དགེ་ཨ་ཕྱུག་ཏུ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
ངེད་གསར་འགོད་པ། ཚུལ་ཁྲིམས་བཟང་པོ། དོན་གྲུབ་ཆོས་སྒྲོན།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༢༩

གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དུ། རིག་གནས་སྒྱུ་རྩལ་དུས་སྟོན་འཁྲུག་ཆ་དོད། སྤྱི་ཟླ་༩པའི་ཚེས་༢༡ཉིན། དཀར་མཛེས་ཁུལ་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་དུ་སྡེ་དགེ་རྫོང་གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་པ་དང་《ཁ་བཏགས་དཀར་པོའི》གླིང་གེ་སར་འཁྲུངས་ཡུལ་གྱི་ཆེད་དེབ་འགྲེམས་སྤེལ། སྡེ་དགེ་རྫོང་གླིང་གེ་སར་རིག་གནས་ཀྱི་ཤིང་པར་ཐང་ག་འགྲེམས་སྤེལ་དང་ཞལ་འདེབས་ཕུལ་བ་བཅས་ཀྱི་མཛད་སྒོ་སྤེལ།

མཛད་སྒོའི་ཡུལ་དངོས་སུ་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཟུར་པ་ཚེ་རིང་མགོན་པོ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚངས་པོ། སི་ཁྲོན་ཉིན་རེའི་ཚགས་པར་ཚོགས་པ《སི་ཁྲོན་ཏང་གི་འཛུགས་སྐྲུན》དུས་དེབ་ཁང་《ཁ་བཏགས་དཀར་པོ》དུས་དེབ་ཀྱི་གཙོ་སྒྲིག་པ་དཀོན་མཆོག་རྡོ་རྗེ། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཟུར་པ་དཔལ་རྒྱལ། སི་ཁྲོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན། སྡེ་དགེ་རྫོང་གི་རྫོང་དཔོན་ཚུལ་ཁྲིམས་ཡེ་ཤེས་དང་རྫོང་དཔོན་གཞོན་པ་ཧུའུ་ཐན་པའོ་གཙོས་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད། དེ་བཞིན་པེ་ཅིན་དང་བོད་ལྗོངས། མཚོ་སྔོན་ཡུས་ཧྲུའུ་སོགས་ནས་ཕེབས་པའི་ཆེད་མཁས་པ་དང་སྒྲུང་པ། སྒྱུ་རྩལ་པ། ས་གནས་རང་གི་སྒྲུང་པ་དང་ལྷ་བཟོ། པར་བརྐོས་སོགས་འབྲེལ་ཡོད་རིག་གནས་པའི་སྡེ་དང་དེ་མིན་ཨ་ཕྱུག་ས་ཆའི་ཡུལ་མི་སྤུན་ཟླ་སོགས་ཞུགས་ཡོད།

གེ་སར་རྒྱལ་པོའི་གར་འཆམ་གྱི་སྟངས་སྟབས་དང་འགྲོགས་ནས་བྱེད་སྒོའི་ཡོལ་རིས་ཕྱེ་ཞིང་། ས་གནས་ཁག་གི་སྒྲུང་པས་སྒྲུང་ངག་བཀུར་པ་དང་ན་གཞོན་སློབ་མ་ཚོས་གེ་སར་རྒྱལ་པོའི་ཟློས་གར་འཁྲབ་པ། ས་གནས་མི་སེར་ཚོས་གླུ་ལེན་པ་དང་བྲོ་འཁྲབ་པ་སོགས་རིག་གནས་སྒྱུ་རྩལ་གྱི་དགའ་སྟོན་གྱ་ནོམ་པ་སྤེལ། དེ་ནས་རིམ་བཞིན《ཁ་བཏགས་དཀར་པོའི》གླིང་གེ་སར་འཁྲུངས་ཡུལ་གྱི་ཆེད་དེབ་འགྲེམས་སྤེལ་དང་སྡེ་དགེ་རྫོང་གེ་སར་རིག་གནས་ཀྱི་ཤིང་པར་ཐང་ག་འགྲེམས་སྤེལ་དང་ཞལ་འདེབས་ཕུལ་བའི་མཛད་སྒོ་སྤེལ། དེ་མིན་གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་དར་སྤེལ་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཆེད་མཁས་པ་དང་སྒྲུང་པ། སྒྱུ་རྩལ་པ་རྣམ་པས་གེ་སར་འཁྲུངས་ཡུལ་གྱི་གནས་ཚུལ་དངོས་དང་སྦྲགས་ནས་གསུང་གླེང་ལྷུག་པོ་གནང་།

དེ་ཡང་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་གྱིས་སྐབས་འདིའི་དུས་སྟོན་བྱེད་སྒོ་ནི་གེ་སར་རིག་གནས་ཀྱི་དུས་རབས་རིན་ཐང་སྔོག་འདོན་བྱེད་པ་དང་མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་རང་བཞིན་གྱི་སྤོ་སྒྱུར་དང་འཕེལ་རྒྱས་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། ལྷག་པར་དུ་དེ་རིང་《ཁ་བཏགས་དཀར་པོའི》དུས་དེབ་ཀྱི་གླིང་གེ་སར་འཁྲུངས་ཡུལ་གྱི་ཆེད་དེབ་དང་སྡེ་དགེ་རྫོང་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་གེ་སར་རིག་གནས་ཀྱི་ཤིང་པར་ཐང་ག་འགྲེམས་སྤེལ་བྱས་པ་རེད། གྲུབ་འབྲས་འདི་གཉིས་ནི་དགའ་མགུ་ཡི་རང་འོས་པའི་རིག་གཞུང་ཞིབ་འཇུག་དང་སྒྱུ་རྩལ་གྱི་གྲུབ་འབྲས་གལ་ཆེན་ཞིག་རེད། ཨ་ཕྱུག་ནི་གླིང་གེ་སར་རྒྱལ་པོའི་ཕ་ས་དང་རྟོགས་བརྗོད་ཀྱི་འབྱུང་ཁུངས་ཡིན་པས། ལོ་རྒྱུས་རིང་ལ་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད། ཐེངས་འདིའི་བྱེད་སྒོ་ནི་སྡེ་དགེ་རྫོང་གིས་མ་སྐུལ་དང་བླངས་སྒོས་གླིང་གེ་སར་རིག་གནས་ཀྱི་ཐོན་ཁུངས་ནུས་པ་འདོན་སྤེལ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པ། འགན་སེམས་འཁུར་བའི་ལག་ལེན་བཟང་པོ་ཞིག་ཡིན། རྗེས་སུ་གླིང་གེ་སར་གྱི་འཁྲུངས་ཡུལ་ཞེས་པའི་རྩ་ཆེའི་མིང་བྱང་འདི་གཅེས་འཛིན་གང་ལེགས་བྱེད་པ་དང་རང་ས་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་གསར་སྤེལ་བྱས་ནས། དུས་རབས་གསར་པའི་ནང་གླིང་གེ་སར་རིག་གནས་སྔར་བས་གསོན་ཤུགས་ཀྱིས་ཁེངས་པའི་རེ་སྒུག་དང་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས།

ད་ཐེངས་ཀྱི་མཛད་སྒོའི་ཐོག་ཏུ་སི་ཁྲོན་ཉིན་རེའི་ཚགས་པར་ཚོགས་པ《སི་ཁྲོན་ཏང་གི་འཛུགས་སྐྲུན》དུས་དེབ་ཁང་གི《ཁ་བཏགས་དཀར་པོ》རྩོམ་སྒྲིག་པུའུ་ཡིས་གླིང་གེ་སར་འཁྲུངས་ཡུལ་ཨ་ཕྱུག་ཅེས་པའི་ཆེད་དེབ་འགྲེམས་སྤེལ་བྱས། དུས་དེབ་ཀྱི་གཙོ་སྒྲིག་པ་དཀོན་མཆོག་རྡོ་རྗེས་ངོ་སྤྲོད་བྱས་དོན། ཐེངས་འདིའི་ཆེད་དེབ་ལ་ཚད་ལྡན་གསུམ་གྱི་ཁྱད་ཆོས་ཡོད་དེ། གཅིག་ནས་དུས་དེབ་འདི་གཙོ་གཉེར་གནང་མཁན་ནི་ཞིང་ཆེན་ཏང་ཨུའི《སི་ཁྲོན་ཏང་གི་འཛུགས་སྐྲུན》དུས་དེབ་ཁང་ཡིན་ལ། རྒྱལ་ཕྱི་ནང་དུ་འགྲེམས་སྤེལ་བྱ་ཆོག་པའི་དེབ་རྟགས་ཡོད་ཅིང་། སྔ་རྗེས་སུ་ཀྲུང་གོའི་ཆེས་མཛེས་པའི་དུས་དེབ་དང་སི་ཁྲོན་གྱི་སྤུས་ལེགས་དུས་དེབ་ཀྱི་མཚན་སྙན་ཐོབ་ཡོད། གཉིས་ནས་ཆེད་བསྒྲིགས་འདིའི་རྩོམ་འབྲི་མཁན་རྣམས་གེ་སར་རིག་གནས་ཞིབ་འཇུག་ཁྲོད་ཀྱི་སྣེ་ཁྲིད་པ་ལྟ་བུ་ཡིན་ཏེ། དཔེར་ན། འཇམ་དཔལ་རྒྱ་མཚོ་དང་འཇམ་དབྱངས་ཆོས་སྒྲོན། ཚེ་རིང་མགོན་པོ། དཔལ་རྒྱལ། གཅོད་པ་དོན་འགྲུབ། ཀརྨ་རྒྱལ་མཚན་སོགས་ཡོད། གསུམ་ནས་ནང་དོན་ཐད་ཚད་ལྡན་ཡིན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་གེ་སར་རིག་གནས་ཐད་གནང་བའི་བཀའ་གསུང་དང་ཀྲུང་དབྱང་གི་འཕྲིན་སྦྱོར་གལ་ཆེན་གྱིས་གེ་སར་འཁྲུངས་ཡུལ་ཨ་ཕྱུག་ཡིན་པ་ཁྱབ་བསྒྲགས་བྱས་ཚུལ། སི་ཁྲོན་ཞིང་ཆེན་གྱིས་གེ་སར་རྒྱལ་པོ་ལོ་རྒྱུས་མི་སྣ་གྲགས་ཅན་བཅུའི་གྲལ་དུ་བཅུག་ཚུལ། དེ་མིན་ཆེད་མཁས་པ་རྣམ་པའི་གླིང་གེ་སར་འཁྲུངས་ཡུལ་ཨ་ཕྱུག་སྐོར་གྱི་གསུང་རྩོམ་སོགས་མདོར་ན་ཁྱོན་ཡོངས་ནས་གེ་སར་འཁྲུངས་ཡུལ་ཨ་ཕྱུག་གི་གནའ་རྫས་གནའ་ཤུལ་དང་དམངས་ཁྲོད་ངག་རྒྱུན། དམངས་སྲོལ་རིག་གནས་སོགས་མ་འདུས་པ་མེད་པར་བཟོས་ཡོད། ལྷག་ཏུ་ང་ཚོའི་དུས་དེབ་ནི་རྒྱ་བོད་ཤན་སྦྱར་དང་པར་བརྙན་སོགས་འདུས་པའི་འཕྲིན་སྦྱོར་མཉམ་འདྲེས་ཅན་གྱི་དུས་དེབ་ཅིག་ཡིན་ཙ་ན། འདི་ལ་ཉར་ཚགས་ཀྱི་རིན་ཐང་དང་ཞིབ་འཇུག་གི་རིན་ཐང་། ཁྱབ་བསྒྲགས་ཀྱི་རིན་ཐང་བཅས་ལྡན།

གཞན་ཡང་། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གིས་ཐིང་ཀྲང་གཞོན་པ་ཟུར་པ་ཚེ་རིང་མགོན་པོས་དུས་དེབ་འདིའི་ནང་ཨ་ཕྱུག་གཙོར་བྱས་པའི་གེ་སར་འཁྲུངས་ཡུལ་གྱི་རི་ཆུའི་རིག་གནས་དང་ལོ་རྒྱུས་རིག་གནས་སོགས་སློག་འདོན་བྱས་པས། འདི་ནི་སྔོན་ན་མེད་པ་ཞིག་ཡིན་པར་མ་ཟད། དུས་དེབ་རྩོམ་སྒྲིག་གནང་སྟངས་དང་ནང་དོན་གྱི་ཆ་སོགས་ཕྱོགས་མང་པོ་ནས་གེ་སར་རིག་གནས་ལ་ཁ་བསྐངས་དང་བོད་འབྲེལ་ས་ཁུལ་གྱི་རིག་གནས་དྲིལ་བསྒྲགས་ཐད་ལ་གསར་གཏོད་ཀྱི་ཆ་མང་པོ་འདུག་སྙམ། དུས་དེབ་འདིས་མ་འོངས་པའི་སྡེ་དགེའི་གེ་སར་རིག་གནས་ཐད་མཛད་རྗེས་དང་རིན་ཐང་ཆེན་པོ་ཡོད་ངེས་ཞེས་གསུངས། དེ་ཡང་སི་ཁྲོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན་གྱིས་ཨ་ཕྱུག་ནི་གེ་སར་འཁྲུངས་ཡུལ་ཡིན་པར་མ་ཟད། འདིའི་ཉེ་འཁོར་དུ་རི་ཆུའི་རིག་གནས་སོགས་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དུས་དེབ་འདིའི་ནང་དུ་དེ་ཚོ་བཀོད་ནས་མི་མང་པོ་ལ་ཤེས་བཅུག་ན། སྤྱིར་སྡེ་དགེ་རྫོང་གི་རིག་གནས་ཀྱི་སྤུས་རྟགས་ཇེ་ལེགས་གཏོང་བ་དང་སྒོས་སུ་ཡུལ་སྐོར་སྤྲོ་འཆམ་ལ་བརྟེན་ནས་ཨ་ཕྱུག་གི་མི་སེར་ཚོའི་ཡོང་སྒོ་ལ་ཕན་པ་ཆེན་པོ་ཡོད་རྒྱུ་རེད་ཅེས་གསུངས།

དེ་ནས་སྡེ་དགེ་རྫོང་གེ་སར་རིག་གནས་ཀྱི་ཤིང་པར་ཐང་ག་འགྲེམས་སྤེལ་དང་ཞལ་འདེབས་འབུལ་བའི་བྱེད་སྒོའི་ཡུལ་དངོས་སུ་རྫོང་རྩོམ་རིག་སྒྱུ་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ལས་དོན་འདིའི་འགན་འཛིན་པ་འགྱུར་མེད་དབང་མོས་ངོ་སྤྲོད་བྱས་པ་ལྟར་ན། ལས་དོན་འདི་ནི་སྡེ་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་འོག །ངེད་རྫོང་རྩོམ་རིག་སྒྱུ་རྩལ་མཐུན་ཚོགས་ཀྱིས་བསྒྲུབས་པ་ཡིན་ལ། ས་གནས་རང་གི་གེ་སར་རིག་གནས་ཀྱི་ཆེད་མཁས་པ་དང་ལྷ་རིས་པ། པར་རྐོ་མཁན་སོགས་མི་སྣ་བརྒྱ་ལྷག་ཞུགས་ཤིང་། ལོ་ངོ་གསུམ་ཙམ་གྱི་རིང་དུ་འབད་འབུངས་བྱས་ནས་གྲུབ་པ་རེད་ལ། མ་འོངས་པར་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་ནང་དུ་རིན་མེད་དུ་འབུལ་རྒྱུ་ཡིན།

གཞན་ཡང་ས་གནས་རང་གི་གེ་སར་རིག་གནས་ཀྱི་ཆེད་མཁས་པ། ལས་དོན་འདིའི་བློ་འདྲི་ཡུལ་དང་བཀོད་སྒྲིག་གནང་མཁན་རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་གེ་སར་རིག་གནས་སྐོར་གྱི་པར་ཤིང་ཐང་ག་འདི་འདྲ་ཕོན་ཆེན་པོ་བཞེངས་པ་ནི་ཐེངས་དང་པོ་ཡིན་རྒྱུ་རེད། འདི་རུ་གེ་སར་གྱི་རྣམ་ཐར་སྐོར་གྱི་ཐང་དེབ་ལྔ་དང་གེ་སར་ཞི་དྲག་གཉིས་ལ་སོ་སོ་ཐང་དེབ་རེ། དཔའ་རྟུལ་ཕུ་ནུ་མི་སྣ་ང་བདུན་ཙམ་ལ་ཐང་དེབ་བཅོ་ལྔ་དང་གླིང་ལྷ་སྐོར་མི་སྣ་དགུ་ལ་ཐང་དེབ་གཉིས། མ་སྲུ་དང་མོ་སྨན་སྐོར་ལ་ཐང་དེབ་གཉིས། གླིང་གི་ལས་ཟོག་སྐོར་ལ་ཐང་དེབ་གཅིག །སྡེ་དགེ་དང་གླིང་ཚང་གི་གེ་སར་རིག་གནས་ལ་མཛད་རྗེས་ཆེ་བའི་མི་སྣ་བཅུ་གསུམ་ཙམ་ལ་ཐང་དེབ་གཅིག །ངོ་སྤྲོད་ཀྱི་ཐང་དེབ་གཅིག་བཅས་བསྡོམས་པས་ཤིང་པར་ཐང་ག་ཉེར་དགུ་ཡོད། གཙོ་བོ་སྔོན་བྱོན་དམ་པ་ཚོས་མཛད་པའི་གེ་སར་གྱི་མཆོད་སྒྲུབ་སྐོར་གྱི་ཡིག་ཆ་ཚད་ལྡན་དང་སྒྲུང་ཡིག་རྙིང་པ་ཁག་ལ་གཞིར་བཅོལ་ནས་བཀོད་སྒྲིག་བྱས་པ་ཡིན་ཞེས་གསུངས།

རྒྱུས་ལོན་བྱུང་བ་ལྟར་ན། གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་ནི་༢༠༢༣ལོར་སྤེལ་འགོ་ཚུགས་ཤིང་། ད་ཐེངས་འདི་བརྩིས་ན་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་དུ་བསྟུད་མར་ལོ་བཞིའི་རིང་གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཐེངས་བཞི་རུ་སྤེལ་ཡོད། དུས་ཆེན་འདིའི་ཐོག་གླིང་སྒྲུང་འགྲན་བསྡུར་དང་གེ་སར་གར་འཆབ་འཁྲབ་སྟོན། གེ་སར་རིག་གནས་བགྲོ་གླེང་། རྟ་རྒྱུག་བསང་སྐོར། གླུ་གར་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་གླིང་གེ་སར་འཁྲུངས་ཡུལ་གྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱས་ཏེ་གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་མཚོན་རྟགས་བསྐྲུན་ནས། ས་གནས་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་དང་འཚོ་བའི་ཆུ་ཚད་ལ་ཕན་འབྲས་ནུས་ལྡན་ཐོན་བཞིན་ཡོད།